
ཁོང་གོ་ཅིན་གྱི་ས་གནས་སྨྱན་བྱད་ཀྱིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཝུ་ཀན་ཏཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་དམངས་གཙོ་མནའ་མཐུན་དམག་གིས་ཉེ་སྔོན་ཁོང་གོ་ཅིན་ཤར་ཕྱོགས་ཀྱི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ50རྐྱེན་ལམ་དུ་ཤོར་ཟེར།
སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དམངས་གཙོ་མནའ་མཐུན་དམག་གིས་འདས་པའི་གཟའ་འཁོར་གཅིག་གི་ནང་ཅི་ཝུའུ་བྱང་མ་ཞིང་ཆེན་དང་དབྱི་ཐུའུ་ལི་ཞིང་ཆེན་དུ་དྲག་ཆས་འཇབ་རྒོལ་ཐེངས་མང་སྤེལ་བར་མ་ཟད། བཙན་ཁྲིད་དང་འཕྲོག་བཅོམ་སོགས་ཀྱི་དྲག་ཤུགས་བྱ་སྤྱོད་ལག་བསྟར་བྱས། ཚེས10ཉིན་གྱི་དགོང་མོར་དྲག་ཆས་ཚོགས་པ་དེས་དབྱི་ཐུའུ་ལི་ཞིང་ཆེན་གྱི་མན་པཱ་སཱ་ས་ཁུལ་གྱི་མཱ་ཁུའུ་མའོ་གྲོང་སྡེ་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། ཉེ་སྔོན་ཅི་ཝུའུ་བྱང་མ་ཞིང་ཆེན་དང་དབྱི་ཐུའུ་ལི་ཞིང་ཆེན་དུ་བྱུང་བའི་མི་སེར་དཀྱུས་མར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་ཡང་། བྱེ་བྲག་ཏུ་དྲག་ཆས་ཚོགས་ཁག་གང་ཡིན་གསལ་བོར་བཤད་མེད། ཁོང་གོ་ཅིན་སྲིད་གཞུང་གིས་འབྲེལ་ཡོད་ཀྱི་འཇབ་རྒོལ་དོན་རྐྱེན་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།