ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ལག་རྡང་སྦྲེལ་ནས་ཡུལ་སྐོར་དཔལ་འབྱོར་དར་རྒྱས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ5བའི་ཚེས12ཉིན། ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་ནས། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུའུ་སཱ་ཡིས2026ལོའི་ཡུལ་སྐོར་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ།

འདི་ནི་ཟླ5བའི་ཚེས12ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་ནས་པར་བླངས་པའི2026ལོའི་ཡུལ་སྐོར་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་འཁྲབ་སྟོན་རྣམ་པ་རེད།

2026ལོའི་ཡུལ་སྐོར་ཚོགས་ཆེན་ཚེས12ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་མཚོ་འགྲམ་གྲོང་ཁྱེར་ཏི་པན་ནས་ཚོགས་མགོ་བརྩམས། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུའུ་སཱ་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་སྐམ་ས་ཆེན་མོ་ནང་ཁུལ་གྱི་ཡུལ་སྐོར་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་ཀྲུང་གོ་སོགས་བར་གྱི་འགྲུལ་བའི་ཚོང་ར་རྒྱ་བསྐྱེད་དེ། སྔར་ལས་ལྷག་པའི་སྒོ་ནས་ཡུལ་སྐོར་ལས་རིགས་ཀྱི་ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་སྐུལ་འདེད་ནུས་པ་འདོན་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོར་མཚོན་ན། ཡུལ་སྐོར་ལས་རིགས་ནི་ཐོན་ལས་ཤིག་ཡིན་པར་མ་ཟད། མི་རིགས་ཐོབ་ཐང་གི་མཚོན་ཐབས་ཤིག་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡོ་བྱད་གལ་ཆེན་ཞིག་རེད། 2025ལོར་ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་བྱེ་བ་གཅིག་དང་འབུམ་ལྔ་སྣེ་ལེན་བྱས་ཡོད་ཅིང་། དེའི་ནང་བཞི་ཆའི་གསུམ་ཙམ་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་ས་ཁུལ་ནས་ཡོང་བ་ཡིན་ལ། དེ་ལས་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་དག་གིས་ས་གནས་རང་གདམ་གསེས་བྱེད་པ་མཚོན་ཡོད་ཟེར།

ལཱ་མཱ་ཧྥུའུ་སཱ་ཡིས་ཨ་ཧྥེ་རི་ཁ་གླིང་ནང་ཁུལ་གྱི་ཡུལ་སྐོར་སྟབས་བདེ་ཅན་ལ་ཤུགས་སྣོན་བྱེད་དགོས་པ་ནན་བཤད་བྱས། ཁོས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་ཁྱིམ་མཚེས་རྒྱལ་ཁབ་དག་དང་མཉམ་དུ་ཨ་ཧྥེ་རི་ཁ་ལྷོ་མའི་ཐུན་མོང་ཚོགས་པའི་ཡུལ་སྐོར་ལམ་ཡིག་ལ་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི2063ལོའི་གྲོས་རིམ་དང་ཨ་ཧྥེ་རི་ཁ་གླིང་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་གྱི་སྒྲོམ་གཞིའི་འོག མི་སྣའི་རང་དབང་དང་སྟབས་བདེའི་འགྲོ་འོང་ལ་བརྟེན་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་ཚོང་ལས་དང་དངུལ་གཏོང་། ཉོ་ཚོང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ལཱ་མཱ་ཧྥུའུ་སཱ་ཡིས་བལྟས་ན། སྣ་མང་ཅན་གྱི་ཡུལ་སྐོར་བའི་ཚོང་རའི་རྒྱ་བསྐྱེད་པའང་གལ་ཆེན་ཡིན་པར་འདོད། ཨ་ཧྥེ་རི་ཁ་ལྷོ་མས་གློག་རྡུལ་ཡུལ་སྐོར་མཆན་འགོད་མ་ལག་སོགས་སྟབས་བདེ་ཅན་གྱི་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད་ཅིང་། ཀྲུང་གོ་དང་རྒྱ་གར། ཨེ་ཤ་ཡཱ་ཤར་ལྷོ། མའོ་ཞི་ཁོ། པཱ་ཞི་སོགས་སྦས་ཤུགས་ཆེན་པོ་ཡོད་པའི་རྒྱལ་སྤྱིའི་ཚོང་ར་རྒྱ་བསྐྱེད་བཞིན་ཡོད་ཟེར།

ཨ་ཧྥེ་རི་ཁ་གླིང་གི་ཡུལ་སྐོར་ཚོགས་ཆེན་ནི་ཨ་ཧྥེ་རི་ཁ་གླིང་གི་གཞི་རྒྱ་ཆེས་ཆེ་བའི་ཡུལ་སྐོར་འགྲེམ་ཚོགས་ཤིག་ཡིན་པ་དང་། སྐབས་འདིའི་ཚོགས་ཆེན་གྱིས་ཨ་ཧྥེ་རི་ཁ་གླིང་གི་ཡུལ་སྐོར་དཔལ་འབྱོར་དར་རྒྱས་སུ་གཏོང་བ་བརྗོད་སྙིང་དུ་བྱས་ཡོད་ལ། འགྲེམ་ཚོགས་དེ་ཚེས14ཉིན་བར་སྤེལ་རྒྱུ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།