ཨུ་རུ་སི་ཡིས་ཨ་མེ་རི་ཁས་ཨུ་རུ་སིའི་བར་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་དེ་ཝུའུ་ཁི་ལན་གྱི་གནད་དོན་དང་འབྲེལ་མི་རུང་བའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས13ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཨུ་རུ་སིའི་བར་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་དེ་ཝུའུ་ཁི་ལན་གྱི་གནད་དོན་དང་མི་འབྲེལ་བར་རེ་བཞིན་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་བར་དཔལ་འབྱོར་དང་དངུལ་གཏོང་ཁྱབ་ཁོངས་སུ་མདུན་ལྗོངས་ཡོད་པའི་གཉིས་ཕན་མཉམ་ལས་ལས་གཞི་རབ་དང་རིམ་པ་ཡོད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དེ་ཝུའུ་ཁི་ལན་གྱི་གནད་དོན་ལ་སྦྲེལ་བའམ་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་དགོས་པའི་རེ་བ་འདོན་མི་རུང་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ལས་གཞི་དེ་དག་ལག་བསྟར་བྱེད་མགོ་རྩོམ་ཐུབ་པར་རེ་བཞིན་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ངེས་པར་དུ་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་ལ་བཀའ་རྒྱ་བཏང་ནས་ཏོན་པཱ་སི་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་སྟེ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་འདོན་དགོས། དེ་ལྟར་བྱས་ན་ད་གཟོད་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་འགྱུར་སྲིད་ལ། ཕྱོགས་སོ་སོས་ད་གཟོད་ཞི་བའི་སྒོ་ནས་གྲོས་མོལ་མགོ་བརྩམས་ཆོག་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་ད་ཡོད་ཀྱི་ཐབས་ལམ་བརྒྱུད་དེ་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་བརྒྱུད་ནས་ཝུའུ་ཁི་ལན་བར་ཆ་འཕྲིན་བརྗེ་རེས་བྱེད་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།