ལི་པུ་ཡཱའི་ཙུང་ལི་ཡིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་མང་བོའི་དངོས་གཉེར་མཉམ་ལས་ཇེ་མང་དུ་གཏོང་འདོད་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ལི་པུ་ཡཱའི་མི་རིགས་གཅིག་གྱུར་སྲིད་གཞུང་གི་ཙུང་ལི་ཏི་པེད་པཱ་ཡིས་ཚེས13ཉིན་ལི་པུ་ཡཱ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲོས་མོལ་ལ་ཞུགས་སྐབས་བསྟན་དོན། ལི་པུ་ཡཱ་ཡིས་ཀྲུང་གོའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་མང་བོའི་དངོས་གཉེར་མཉམ་ལས་ཇེ་མང་དུ་གཏོང་འདོད་ཡོད་ཟེར།

ཏི་པེད་པཱ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཁྱད་སྟོབས་ཁ་གསབ་བྱས་ཆོག་པས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་མ་འོངས་པར་རེ་བ་ཆེན་པོ་ཡོད། ཁོས་ཀྲུང་གོའི་ཁེ་ལས་དག་ལི་པུ་ཡཱ་རུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ལི་པུ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་བདེ་འཇགས་ཀྱི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་འདོ་ཡོད། ལི་པུ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་ནུས་ཁུངས་དང་རྨང་གཞིའི་འཛུགས་སྐྲུན། བཟོ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ལི་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་མཱ་ཞུའུ་ལིང་གིས་བསྟན་དོན། ཀྲུང་གོ་དང་ལི་པུ་ཡཱའི་བར་གྱི་མཛའ་བརྩེ་རྒྱུན་རིང་ཞིང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཆབ་སྲིད་རྨང་གཞི་བརྟན་པ་དང་དཔལ་འབྱོར་ཐད་མི་འདང་ས་ཁ་གསབ་ཐུབ་པས། མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ལི་པུ་ཡཱ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཆ་རྐྱེན་བཟང་བོ་བསྐྲུན་པ་དང་། གོམ་སྟབས་བརྟན་པོས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་ཀྲུང་གོ་དང་ལི་པུ་ཡཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།