དབྱི་སི་རལ་དང་ལེ་པཱ་ནུན་གྱིས་སྐོར་ཐེངས་གསུམ་པའི་གྲོས་མོལ་སྤེལ་བ་དང་ཕྱོགས་གཉིས་ཀྱིས་དངོས་གཞིའི་ཕྱི་ཕྱོགས་འབྲེལ་བ་འཛུགས་པར་རེ་བཞིན་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

དབྱི་སི་རལ་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཚེས14ཉིན་གསར་འགོད་པར་བདེན་དཔང་བྱས་དོན། དབྱི་སི་རལ་དང་ལེ་པཱ་ནུན་གྱི་སྐོར་ཐེངས་གསུམ་པའི་གྲོས་མོལ་ཉིན་དེར་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་སྤེལ་བ་དང་། དབྱི་སི་རལ་གྱིས་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མེད་པར་གཏོང་བ་དང་ལེ་པཱ་ནུན་བར་དངོས་གཞིའི་ཕྱི་ཕྱོགས་འབྲེལ་བ་འཛུགས་པའི་གྲོས་མཐུན་འགོད་པར་རེ་བཞིན་ཡོད་ཟེར།

མིང་བཤད་མི་འདོད་པའི་དབྱི་སི་རལ་སྲིད་གཞུང་གི་དཔོན་རིགས་དེས་བཤད་རྒྱུར། གྲོས་མོལ་དེ་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ནས་སྤེལ་བ་དང་། དབྱི་སི་རལ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པ་ནི་ཨ་མེ་རི་ཁར་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་པ་ལའེ་ཐི་དང་མཐོ་རིམ་བདེ་འཇགས་དཔོན་རིགས་ཀྱིས་གྲུབ་ཡོད་པ་དང་། ལེ་པཱ་ནུན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པར་ཨ་མེ་རི་ཁར་སྡོད་པའི་ལེ་པཱ་ནུན་གྱི་གཞུང་ཚབ་ཆེན་མོ་ཨ་ཝ་ཏི་དང་སྔོན་ཆད་ཀྱི་གཞུང་ཚབ་ཆེན་མོ་ཁཱ་ལཱ་མུའུ་འདུས་ཡོད་ཟེར།

དབྱི་སི་རལ་གྱི་དཔོན་རིགས་དེས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་གྱི་དམིགས་ཡུལ་ནི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མེད་པར་གཏོང་བ་དང་། ལེ་པཱ་ནུན་བར་དངོས་གཞིའི་ཕྱི་ཕྱོགས་འབྲེལ་བ་འཛུགས་པའི་གྲོས་མཐུན་འགོད་རྒྱུ་དེ་ཡིན། དབྱི་སི་རལ་གྱིས་གྲོས་མཐུན་མ་བཀོད་གོང་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་ལ་བར་སྣང་ཆམ་ཕབ་གཏོང་བ་དང་ས་ངོས་ཀྱི་དམག་དོན་ཆམ་ཕབ་གཏོང་བའི་དབང་ཆ་སོར་འཇོག་བྱེད་འདོད་ཡོད་པ་དང་། ལེ་པཱ་ནུན་གྱིས་དབྱི་སི་རལ་གྱིས་རང་གི་མངའ་ཁོངས་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་ལེ་པཱ་ནུན་ལ་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན་པར་མ་ཟད། ལེ་པཱ་ནུན་དང་དབྱི་སི་རལ་གྱི་གནས་སྐབས་རྒྱལ་མཚམས་ཉེ་འདབས་ཀྱི་ལེ་པཱ་ནུན་གྱི་གྲོང་སྡེ་ལ་གཏོར་བརླག་གཏོང་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད།

དབྱི་སི་རལ་གྱི་དཔོན་རིགས་དེས་ད་རུང་བཤད་རྒྱུར། ཚོད་དཔག་བྱས་ན་གྲོས་མོལ་དེ་ཚེས15ཉིན་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཡང་། ཕྱོགས་གཉིས་ཀྱིས་གྲོས་མཐུན་འགོད་ཐུབ་མིན་མིག་སྔར་ད་རུང་གསལ་བོར་མི་ཤེས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།