རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རིའི་གཙོ་འཛིན་གྱི་གྲོས་མོལ་ལ་ཚད་མཐོའི་དོ་ཁུར་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 2

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རིའི་གཙོ་འཛིན་གྱི་གྲོས་མོལ་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱིན་ཡོད་ཅིང་། རྒྱལ་ཁབ་མང་པོའི་མི་སྣས་བལྟས་ན་དེ་ནི་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་ཞིག་དང་། རྒྱལ་ཁབ་གཉིས་ལ་བདེ་སྐྱིད་སྐྲུན་པ་མ་ཟད། འཛམ་གླིང་ལ་དྲང་ཕྱོགས་ཀྱི་བརྡ་རྟགས་བཏང་ཡོད།

ཨ་རིའི་ཨེ་ཤ་ཡ་ཤར་མའི་གནད་དོན་ཞིབ་འཇུག་མཁས་པ་ཧྥེ་ཨར་ལིས·ཏིས་ཅིན་སིན་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོ་ཅེ་ཞིས་ཀའེ་ཚི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་གནང་སྐབས། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་དེ་སླར་ཡང་གྲུ་གཟིངས་ཆེན་པོ་ཞིག་ལ་དཔེ་བཞག་ནས། ང་ཚོས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱ་དགོས་པ་བསྟན། ཀྲུང་གོ་དང་ཨ་རིས“འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་བརླིང་འབྲེལ་བ”བཙུགས་པ་ནི་ང་ཚོ་མདུན་དུ་སྐྱོད་པའི་ལྡོག་མེད་ཀྱི་གདམ་ག་ཡིན་ལ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་ལ་ཕན་བདེ་བསྐྲུན་ངེས་ཡིན།

ཨོ་སི་ཁྲུ་ལི་ཡའི་སྤྱི་དམངས་ཏང་གི་རྒྱལ་ཡོངས་ཀྱི་ཀྲུའུ་ཞི་ལའོ་པོ་ཐི·པ་ཝའེ་ཁི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་ཁྲོད་གསུངས་བར་དོན་སྙིང་ཆེན་པོ་ལྡན་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག  ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་ཧ་ཅང་རིང་པོ་རེད། ཁོང་གིས་མཉམ་ལས་གཙོ་བོ་དང་འགྲན་རྩོད་ལ་ཚད་ཡོད་པ། འགལ་བར་ཚོད་འཛིན་ཐུབ་པའི་ཞི་བདེའི་དུས་ཚོད་ནང་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ངེས་གནས་གསར་པ་རྒྱས་བཤད་གནང་བ་ནི་མི་རྣམས་ཀྱིས་ཐོས་འདོད་པའི་སྐད་སྒྲ་དེ་ཡིན་ཟེར།

རྒྱལ་ཁབ་མང་པོའི་མི་སྣས་བསྟན་དོན། ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བ་ནི་འཛམ་གླིང་སྟེང་གི་ཆེས་གལ་ཆེ་བའི་འབྲེལ་བའི་གྲས་ཤིག་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས་འཛམ་གླིང་ལ་སྐུལ་འདེད་གཏོང་དགོས།

ཨེ་ཁྭ་ཏོར་གྱི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཟུར་པ་ཨའེ་སི་ཕིས་ནའོ་སཱ་ཡིས་བཤད་རྒྱུར། ཐེངས་འདིའི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་གྲོས་མོལ་ནི་ལོ་རྒྱུས་རང་བཞིན་ཞིག་རེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱིས་མིའི་རིགས་ལ་བྱས་རྗེས་མང་པོ་འཇོག་ཐུབ་སྟེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་སོགས་ཀྱི་གྲོས་བསྡུར་འཛམ་གླིང་ཡོངས་ལ་གལ་འགངས་ཤིན་ཏུ་ཆེ། མིའི་རིགས་ཀྱི་མཛེས་སྡུག་ནི་སྣ་མང་རང་བཞིན་གྱི་ཁྲོད་དུ་མཐུན་སྒྲིལ་འཛུགས་ཐུབ་པ་དེ་རེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་པེ་ཅིང་དུ་གྲོས་མོལ་གནང་བ་དེས་འཛམ་གླིང་ལ་དྲང་ཕྱོགས་ཀྱི་བརྡ་རྟགས་ཞིག་བཏང་ཟེར།

དབྱིན་ཇི་གོང་མའི་ཤར་ནུབ་འཐབ་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་ཞི་དབྱི་སི་ཡིས་བཤད་རྒྱུར། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་སྔོན་མ་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རི་གཉིས་ཀྱིས་དཔལ་འབྱོར་དར་རྒྱས་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་དམིགས་འབེན་གལ་ཆེན་ཡིན།ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྲོས་མོལ་གྱི་གནད་འགག་ནི་ཀྲུང་གོ་དང་ཨ་རི་གཉིས་ཀྱིས་མཉམ་རྒྱལ་དོན་གཉེར་བྱ་རྒྱུར་མོས་མཐུན་བྱུང་སྟེ་འཛམ་གླིང་གི་བརྟན་བརླིང་དང་ཞི་བདེའི་ཆེད་དུ་བྱས་རྗེས་འཇོག་རྒྱུ་དེ་རེད་ཟེར། 

པ་ཞི་ཚོང་ལས་གཙོ་འཛིན་རྩ་འཛུགས་ཀྲུང་གོའི་ཁུལ་གྱི་དབུ་བཞུགས་ལག་བསྟར་དཔོན་ཧི་སའེ·ལིས་ཁ་ཏའོ་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་སྒེར་གཉེར་སྡེ་ཁག་ཚང་མས་ཐེངས་འདིའི་གྲོས་མོལ་ལ་དོ་ཁུར་ཆེན་པོ་བྱེད་པས། ཀྲུང་གོ་དང་ཨ་རིས་འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་དང་དེ་བཞིན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གནད་དོན་ལ་གྲོས་བསྡུར་བྱེད་པ་ནི་འཛམ་གླིང་བརྟན་བརླིང་དང་ཚོང་ལས་ཡར་རྒྱས་དང་འབྲེལ་བ་ཡོད།  ཀྲུང་གོ་དང་ཨ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་མཉམ་ལས་དང་མཉམ་གནས། ཆོད་སེམས། ཡིད་ཆེས་ལ་གྲོས་མོལ་བྱས་པས་འཛམ་གླིང་ལ་མཚོན་ན་འདི་ནི་སྐུལ་མ་ཆེན་པོ་ཞིག་རེད་ཟེར།