
ཕ་ལེ་སི་ཐན་སྨྱན་སྦྱོར་གྱིས་ཚེས16ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱི་དམག་དོན་འགོ་ཁྲིད་པ་དབྱི་ཙི་ཏིང·ཧ་ཏཱ་ཏི་རྐྱེན་ལམ་དུ་ཤོར།
བསྒྲགས་པ་ལྟར་ན། ཉིན་དེར་ཅ་ཧྲ་གྲོང་གི་ཁ་ཆེ་ཕྱག་ཁང་གི་རྒྱང་སྒྲོག་བརྒྱུད་དེ་ཧ་ཏཱ་ཏི་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས།
ཅ་ཧྲ་ས་ཁུལ་གྱི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ས་གནས་དེ་གའི་མང་ཚོགས་ཀྱིས་ཅ་ཧྲ་གྲོང་གི་ཁ་ཆེ་ཕྱག་ཁང་ཞིག་ཏུ་མྱ་ངན་ཞུ་བའི་མཛད་སྒོ་བསྡུས་པ་དང་། ཧ་ཏཱ་ཏིའི་ཆུང་མ་དང་བུ་མོ་ཡང་དབྱི་སི་རལ་དམག་དཔུང་གི་མཁའ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།
ཧ་མ་སིའི་མཐོ་རིམ་དཔོན་རིགས་ཀྱིས་ཚེས16ཉིན་སྨྱན་སྦྱོར་ལས་ཧ་ཏཱ་ཏི་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ར་སྤྲོད་བྱས།
ཚེས15ཉིན་གྱི་དགོང་མོར་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་མཁའ་རྒོལ་བྱས་པས་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་བཅུ་ལ་རྨས་སྐྱོན་ཕོག་ཡོད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དང་དབྱི་སི་རལ་རྒྱལ་སྤྱིའི་བདེ་འཇགས་སྤྱི་ཁྱབ་ཅུས་ཀྱིས་ཚེས16ཉིན་གསལ་བསྒྲགས་སྤེལ་ནས་ཧ་ཏཱ་ཏི་རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས།
དབྱི་སི་རལ་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧ་ཏཱ་ཏི་ནི་ཧ་མ་སིས2023ལོའི་ཟླ10པའི་ཚེས7ཉིན་དབྱི་སི་རལ་ལ་གློ་བུར་དུ་འཇབ་རྒོལ་བྱེད་པའི་ཇུས་འགོད་པའི་གྲས་ཤིག་ཡིན་ལ། འགན་བཞེས་ཀྱི་དུས་ཡུན་ཧ་ཅང་རིང་པོའི་ཧ་མ་སིའི་བཀོད་འདོམས་དཔོན་གྱི་གྲས་ཤིག་ཀྱང་ཡིན། ཧ་མ་སིའི་སྐབས་དེའི་དམག་དོན་འགོ་ཁྲིད་པ་མུའུ་ཧན་མོ་ཏི·ཞིན་ཝ་ཨར་བསད་རྗེས། ཧ་ཏཱ་ཏི་ཡིས་ལས་གནས་དེའི་འགན་བཞེས་པ་རེད།
ཤ་བོ་རིན་མཚོས་བསྒྱུར།