
དབྱི་ལང་དབྱི་སི་ལན་གྲོས་ཁང་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དབྱི་པུའུ་ལ་ཞིན·ཨ་ཆི་ཙི་ཡིས་ཚེས16ཉིན་ཕྱི་འབྲེལ་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། དབྱི་ལང་གིས་ཆེད་ལས་ཀྱི་རྐྱེན་སྲོལ་ཞིག་གཏན་འབེབས་བཟོས་ཡོད་པ་དང་། དེ་ཧོའར་མུའུ་ཙི་མཚོ་འགག་གི་ངེས་གཏན་མཁའ་ལམ་གྱི་མཁའ་སྐྱོད་ལ་དོ་དམ་བྱེད་པའི་ཐད་བེད་སྤྱོད་རྒྱུ་ཡིན་ལ། རྐྱེན་སྲོལ་དེ་མི་འགྱངས་པར་ཡོངས་བསྒྲགས་བྱེད་རྒྱུ་ཡིན་ཟེར།
ཨ་ཆི་ཙི་ཡིས་བསྟན་དོན། དབྱི་ལང་གིས་རྒྱལ་ཁབ་ཀྱི་བདག་དབང་སྒྲོམ་གཞིའི་ཁྱབ་ཁོངས་དང་རྒྱལ་སྤྱིའི་ཉོ་ཚོང་བདེ་འཇགས་ལ་འགན་སྲུང་བྱེད་པའི་དགོས་མཁོ་ལྟར་རྐྱེན་སྲོལ་དེ་གཏན་འབེབས་བཟོས་པ་ཡིན་ཟེར།
ཨ་ཆི་ཙི་ཡིས་བཤད་རྒྱུར། དབྱི་ལང་དང་མཉམ་ལས་བྱེད་པའི་ཚོང་ལས་གྲུ་གཟིངས་དང་ཡང་ན་འབྲེལ་ཡོད་ཕྱོགས་ཁོ་ནར་ཁེ་ཕན་ཐོབ་སྲིད་ཟེར། རྐྱེན་སྲོལ་དེའི་ཆེད་ལས་ཞབས་ཞུས་དགོས་ངེས་ཀྱི་འགྲོ་གྲོན་ལེན་ངེས་རེད་ཟེར།
ཁོས་ད་རུང་བཤད་རྒྱུར། མཁའ་ལམ་དེ“རང་དབང་འཆར་འགོད་ལག་བསྟར་མཁན་ལ་སྒོ་འབྱེད་རྒྱུ་མིན”ཟེར།
ཨ་རིའི་དམག་དཔུང་གིས་ཟླ་འདིའི་ཚེས4ཉིན“རང་དབང་འཆར་འགོད”ཀྱི་ཁ་འགྲེམ་འགུལ་སྐྱོད་སྤེལ་མགོ་བརྩམས་ནས། བཀག་སྡོམ་གྲུ་གཟིངས་ཧོ་འར་མུའུ་ཙི་མཚོ་འགག་བརྒྱུད་པར་སྣེ་སྟོན་རྒྱུ་ཡིན་པ་བསྟན། ཚེས5ཉིན། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས“རང་དབང་འཆར་འགོད”འགུལ་སྐྱོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་། ཚེས8ཉིན་ཁོས་ཨ་རིའི“རང་དབང་འཆར་འགོད”བསྐྱར་དུ་སྤེལ་ངེས་ཡིན་པར་བསྟན།
ལྷ་མོ་འཚོས་བསྒྱུར།