
འདི་ནི་ཟླ5བའི་ཚེས17ཉིན་ཨ་སེ་པེད་ཅང་གི་རྒྱལ་ས་པཱ་ཁུའུ་ནས་པར་བླངས་པའི་སྐབས་གསུམ་པའི་འཛམ་གླིང་གྲོང་ཁྱེར་གླེང་སྟེགས་ཀྱི་ཡུལ་དངོས་རྣམ་པ་རེད།
སྐབས་བཅུ་གསུམ་པའི་འཛམ་གླིང་གྲོང་ཁྱེར་གླེང་སྟེགས་ཚེས17ཉིན་ཨ་སེ་པེད་ཅང་གི་རྒྱལ་ས་པཱ་ཁུའུ་ནས་ཚོགས་མགོ་བརྩམས། དེའི་བརྗོད་སྙིང་ནི་བདེ་སྡོད་འཛམ་གླིང་སྟེ་བདེ་འཇགས་དང་བབ་བསྟུན་གྱི་གྲོང་ཁྱེར་དང་སྡེ་ཁུལ་ཞེས་པ་དེ་ཡིན་ལ། དེ་ནི་འཛམ་གླིང་གྲོང་ཁྱེར་གླེང་སྟེགས་ཐོག་དང་པོར་ཀའོ་ཅཱ་སོ་ལྷོ་མ་ས་ཁུལ་དུ་སྤེལ་བ་རེད།
སྐབས་འདིའི་གླེང་སྟེགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ལས་དོན་ཁང་དང་ཨ་སེ་པེད་ཅང་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཚེས22ཉིན་བར་སྤེལ་རྒྱུ་རེད།
གླེང་སྟེགས་དཔོན་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སྐབས་འདིའི་གླེང་སྟེགས་ལ་ཞུགས་མཁན་མི་ཁྲི་བཞི་དང་སྟོང་གཅིག་ཙམ་གྱིས་ཐོ་འགོད་བྱས་ཡོད་ཅིང་། གླེང་སྟེགས་ལས་ཚད་ལྡན་མིན་པའི་སྡོད་ཁུལ་དང་དབུལ་བོའི་སྡོད་གནས་ལ་ལེགས་བཅོས་བྱེད་པ་དང་། གོ་ལ་ཧྲིལ་བོའི་སྡོད་ཁང་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞིར་གྲོས་བསྡུར་བྱེད་རྒྱུ་མ་ཟད། གྲོང་ཁྱེར་གྱི་གྲོས་རིམ་གསར་བ་དང་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བ་དང་། ཁྱད་པར་དུ་གྲོང་ཁྱེར་དང་སྡེ་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དངོས་འབེབས་བྱེད་རྒྱུ་རེད།
སྐབས་འདིའི་གླེང་སྟེགས་ནས་གྲོས་ཚོགས་དང་བྱ་འགུལ་སྣ་ཚོགས500ལྷག་སྤེལ་རྒྱུ་ཡིན་པ་དང་། མགོ་རྩོམ་མཛད་སྒོ་དང་ཚོགས་ཆེན། གྲོས་མོལ་ཚོགས་འདུ། དམིགས་བསལ་གྲོས་ཚོགས་སོགས་ལ་ཁེབས་ཡོད། གཙོ་སྒྲུབ་ཕྱོགས་ཀྱིས་བསྟན་དོན། སྐབས་འདིའི་གླེང་སྟེགས་ཀྱི་གྲོང་ཁྱེར་འགྲེམ་སྟོན་ཚོགས་འདུ་ནི་འཛམ་གླིང་གྲོང་ཁྱེར་གླེང་སྟེགས་ཀྱི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་གྲོང་ཁྱེར་འགྲེམ་སྟོན་ཚོགས་འདུ་ཞིག་ཡིན་ལ། སྡོད་ཁང་དང་། གྲོང་ཁྱེར་བཅོས་སྐྱོང་། རྒྱུན་མཐུད་འཕེལ་རྒྱས་བཅས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་དང་ཐག་གཅོད་ཇུས་གཞི་གཅིག་བསྡུས་ཀྱིས་མངོན་པར་བྱས་ཡོད་ཟེར།
གླེང་སྟེགས་སྐབས་སུ། ཀྲུང་གོའི་གྲོང་ཁྱེར་འགྲེམ་སྟོན་ཁང་པཱ་ཁུའུ་ཡི་ཨོ་ལིན་ཕིག་ལུས་རྩལ་ར་བ་ནས་འཛུགས་རྒྱུ་ཡིན་པ་དང་། ཀྲུང་གོས་གྲོང་ཁྱེར་གྱི་གྲོས་རིམ་གསར་བ་དངོས་འབེབས་བྱས་པ་དང་རྒྱུན་མཐུད་ཀྱི་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལག་ལེན་གྲུབ་འབྲས་འགྲེམ་སྟོན་བྱེད་རྒྱུ་ཡིན་ལ། འཛམ་གླིང་གྲོང་ཁྱེར་ཉིན་མོ་དང་གོ་ལ་ཧྲིལ་བོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོང་ཁྱེར་བྱ་དགའི་ཁྱབ་གདལ་བྱ་འགུལ་དེ་ཚེས19ཉིན་སྤེལ་རྒྱུ་རེད།
འཛམ་གླིང་གྲོང་ཁྱེར་གླེང་སྟེགས་ནི་ལོ་གཉིས་ནང་ཐེངས་རེ་ཚོགས་བཞིན་ཡོད་པ་དང་། གྲོས་གཞི་ནི་མཁར་གྲོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་མིག་སྔའི་འཛམ་གླིང་གི་གྲོང་ཁྱེར་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་ལ་འབྲེལ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།