
གསར་འགོད་པས་ཚེས17ཉིན་ཀྲུང་གོའི་སྤྱི་བདེ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན། ཀྲུང་གོ་དང་ཨ་མེ་རི་ཁ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་རྒྱལ་ཁབ་གསུམ་གྱི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་བསྟར་མཉམ་ལས་ཐོག་མ་སྤེལ་ཏེ། མཉམ་འབྲེལ་སྒོས་ཏིས་པེད་ས་ཁུལ་གྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ནག་ཉེས་ལ་ཆམ་ཕབ་བཏང་། དོགས་ཡོད་ཉེས་ཅན་སྦས་སྐོང་བྱེད་སའི་གནས་དགུ་གཏོར་བ་དང་། དོགས་ཡོད་ཉེས་ཅན276འཛིན་བཟུང་བྱས། རྟོག་ཞིབ་བྱས་པ་བརྒྱུད། འབྲེལ་ཡོད་ཀྱི་མགོ་སྐོར་ཚོགས་ཁག་གིས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྟེགས་བུ་བརྒྱུད་དེ་གནོད་ཐེབས་མཁན་བར་མཛའ་བརྩེའི་འབྲེལ་བ་བཙུགས་པ་དང་། བརྩེ་དུང་གི་ཡིད་ཆེས་ཐོབ་པར་བྱས་རྗེས། གནོད་ཐེབས་མཁན་བསླུས་ནས་དངུལ་གཏོང་བྱེད་དུ་འཇུག་པ་རེད།
སྤྱི་བདེ་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། ཐེངས་འདིའི་མཉམ་འབྲེལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ནི་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་བསྟར་མཉམ་ལས་སྤེལ་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་མང་བོའི་བར་དངོས་གཉེར་མཉམ་ལས་ཟབ་མོ་བྱས་ཏེ། མཉམ་འབྲེལ་གྱིས་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་བ་དང་། གློག་འཕྲིན་མགོ་སྐོར་གཏོང་སའི་སྐོང་གནས་གཙང་ཕྱགས་བྱེད་དགོས་པར་མ་ཟད། ཤུགས་ཆེན་པོས་གློག་འཕྲིན་མགོ་སྐོར་གཏོང་མཁན་གྱི་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་ཏེ། ཟོལ་མེད་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།