
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་སྲིད་གཞུང་གིསི་ཚེས17ཉིན་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙེ་ཧྥུའུ་ལཱ་ས་ཁུལ་དུ་ཡོད་པའི་པཱ་ལཱ་ཁཱ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ཕྱི་རིམ་གློག་འདོན་འཕྲུལ་ཆས་ལ་ཉིན་དེར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་རྗེས་མེར་འབར་ཡོད་ཀྱང་། མི་སྣར་ཤི་རྨས་ཐེབས་མེད་ལ། འགྱེད་འཕྲོའི་གནོད་པའང་ཐེབས་མེད་ཟེར།
ས་དེའི་འབྲེལ་ཡོད་སྡེ་ཁག་གིས་བསྟན་དོན། མེར་འབར་བའི་སྒྲིག་ཆས་དེ་པཱ་ལཱ་ཁཱ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ཕྱི་རིམ་ས་ཁོངས་སུ་གནས་ཡོད། མེ་སྐྱོན་བྱུང་རྗེས། འབྲེལ་ཡོད་སྡེ་ཁག་གིས་མྱུར་མོར་འགུལ་སྐྱོད་སྤེལ་བ་དང་། དགོས་ངེས་ཀྱི་སྔོན་འགོག་བྱེད་ཐབས་ཡོད་ཚད་ལག་བསྟར་བྱས་ཡོད་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཉིང་རྡུལ་ནུས་པའི་ལྟ་རྟོག་དོ་དམ་ཅུས་ཀྱིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་མེ་སྐྱོན་ལས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་མེད་པ་དང་། གནད་འགག་གི་མ་ལག་འཁོར་སྐྱོད་གནས་ཚུལ་ལའང་ཤུགས་རྐྱེན་ཐེབས་མེད། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་འཕྲུལ་ཆས་ཚང་མ་མིག་སྔར་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་བཞིན་ཡོད་ལ། འགྱེད་འཕྲོའི་བདེ་འཇགས་ཆུ་ཚད་ལའང་ཤུགས་རྐྱེན་ཐེབས་མེད་ཟེར།
པཱ་ལཱ་ཁཱ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཐོག་མ་ཡིན་པ་དང་། 2020ལོའི་ཟླ8པར་དངོས་སུ་ལས་གཉེར་བྱེད་མགོ་བརྩམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།