ཀི་ལོ་ཞི་ཡིས་ཉིང་རྡུལ་ནུས་པའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་དམག་དོན་འགུལ་སྐྱོད་གང་ཡིན་ཡང་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས17ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་པཱ་ལཱ་ཁཱ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་ཉིན་དེར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། ཉིང་རྡུལ་ནུས་པའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་དམག་དོན་བྱ་འགུལ་གང་ཡིན་ཡང་དང་ལེན་བྱེད་ཐབས་མེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཀི་ལོ་ཞི་ཡིས་ནན་གྱིས་བསྟན་དོན། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་གང་རུང་གི་ཉེ་འདབས་སུ་ཚད་ཆེན་པོའི་སྒོ་ནས་དམག་དོན་ཚོད་འཛིན་བྱས་ཏེ་ཉིང་རྡུལ་ནུས་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་བསྒྲགས་པ་ལྟར་ན། མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པ་ལས་པཱ་ལཱ་ཁཱ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ཕྱི་རིམ་གྱི་གློག་འདོན་འཕྲུལ་ཆས་ཞིག་ལ་མེ་སྐྱོན་བྱུང་ཡང་། མི་སྣར་ཤི་རྨས་བྱུང་མེད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།