ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་མཉམ་འབྲེལ་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན20ལྷག་བསད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས18ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དྲག་ཆས་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཚེས17ཉིན་ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་མངའ་སྡེ་རུ་བར་སྣང་འཇབ་རྒོལ་ཐེངས་མང་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན20ལྷག་བསད་ཟེར།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཝུའུ་པཱ་ཡིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་གཉིས་པ་ཨ་པུའུ་པུས་ལཱ་ལེ་མུས་ནོའུ་ཅི་བསད་རྗེས་སྤེལ་བ་ཡིན། ནེ་ཀྲི་རི་ཡཱ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་དྲག་ཆས་ཉེས་ཅན་གཅིག་འདུས་དང་གནས་སྤོར་བྱེད་པ་ཤེས་རྗེས། དེའི་སྦས་སྐོང་བྱེད་ས་དང་གནས་སྤོར་ལམ་ཐིག་ཏུ་བར་སྣང་འཇབ་རྒོལ་ཐེངས་མང་བྱས་ཡོད་ཟེར།

ཝུའུ་པཱ་ཡིས་བསྟན་དོན། ནེ་ཀྲི་རི་ཡཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལ་དམིགས་པའི་མཉམ་འབྲེལ་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། ནེ་ཀྲི་རི་ཡཱའི་དྲག་ཆས་དམག་དཔུང་གིས་མུ་མཐུད་དུ་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་དམག་དཔུང་གི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་ཚེས18ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་དུ་དམག་དོན་ཆམ་ཕབ་ཐེངས་མང་སྤེལ་བ་དང་། དེའི་དམིགས་འབེན་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཡིན་ལ། ཨ་མེ་རི་ཁ་དམག་མི་དང་ནེ་ཀྲི་རི་ཡཱའི་དྲག་ཆས་དམག་དཔུང་གི་མི་སྣར་འགུལ་སྐྱོད་དེའི་ཁྲོད་ཤི་རྨས་ཐེབས་མེད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོའི་བདེ་འཇགས་ཐད་འཇིགས་ཉེན་བཟོ་བའི་ནུས་པ་ཇེ་ཞན་དུ་བཏང་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།