ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཨ་མེ་རི་ཁའི་དམག་ཆས་ཕྱིར་འཚོང་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དམག་དོན་གནས་བབ་ཛ་དྲག་ཏུ་གྱུར་བའི་རྩ་བ་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས21ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་མཚོན་ཆའི་ཕྱིར་འཚོང་བྱ་འགུལ་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། རིམ་བཞིན་སྣང་ཆུང་བྱེད་མི་རུང་བའི་ས་ཁུལ་བདེ་སྲུང་གི་འགྲན་རྩོད་ཅིག་ཏུ་འགྱུར་བཞིན་ཡོད་ཟེར།

རྩོམ་ཡིག་ལས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་ཧན་གོར་མེ་སྒོར་ཐེར་འབུམ་བཞི་བརྒལ་བའི་གྱེན་འཕུར་གནམ་གྲུ་དང་དེའི་ལྷུ་ལག་ཕྱིར་འཚོང་བྱེད་པར་ཆོག་མཆན་བཀོད་པ་དང་། ཐེངས་འདིའི་དམག་ཆས་ཕྱིར་འཚོང་ལས་ཧན་གོས་དམག་དོན་སྟོབས་ཤུགས་ཇེ་ཆེར་གཏོང་བར་རོགས་འདེགས་བྱེད་ཐུབ་པར་བཤད། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་དོན་དེའི་ཐད་ནས་བསྟན་དོན། ཨ་མེ་རི་ཁས་ཧན་གོ་དང་འཇར་པན་སོགས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་དང་ས་ཁུལ་དུ་མཚོན་ཆ་མང་བོ་ཕྱིར་འཚོང་བྱས་པ་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དམག་དོན་གནས་བབ་ཛ་དྲག་ཏུ་གྱུར་བའི་རྩ་བ་ཡིན་ལ། ས་ཁུལ་གྱི་གནས་བབ་གཏན་འཇགས་མིན་པའི་སྣང་ཚུལ་མངོན་པར་མཚོན་ཡོད་ཟེར།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཁྲའོ་ཞན་གྱི་འགོག་སྲུང་སྟོབས་ཤུགས་ཀྱིས་གསར་བསྒྱུར་རིམ་སྤོར་དང་འཐབ་འཁྲུག་ལ་གདོང་གཏོད་པའི་སྙིང་སྟོབས་ཀྱིས་བདེ་སྲུང་འཇིགས་ཉེན་སྣ་ཚོགས་ཚོད་འཛིན་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱས་ཏེ། གོ་ལ་ཧྲིལ་བོའི་འཐབ་ཇུས་གཏན་འཇགས་ལ་འགན་སྲུང་བྱེད་པར་བྱས་རྗེས་གལ་ཆེན་འཇོག་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།