ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཁུ་པཱའི་མི་དམངས་མགོ་སྒུར་དུ་འཇུག་པའི་གཡོ་ཇུས་གསར་བར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཁུ་པཱའི་གསར་བརྗེའི་གཙོ་འཛིན་ལའོ་ཨར་ཁཱ་སི་ཐི་ལོ་ཞུ་གཏུགས་བྱས་པར་དོ་སྣང་བྱེད་བཞིན་ཡོད་ཅིང་། ཁུ་པཱའི་མི་དམངས་མགོ་སྒུར་དུ་འཇུག་འདོད་པའི་གཡོ་ཇུས་གསར་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་གྲོས་མོལ་ལ་བརྟེན་ནས་ཁུ་པཱ་དང་ཨ་མེ་རི་ཁའི་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ལའོ་ཨར་ཁཱ་སི་ཐི་ལོ་ཞུ་གཏུགས་པ་ནི། ཁུ་པཱ་ཡིས་ལོ་ངོ་སུམ་ཅུའི་ཡར་སྔོན་རང་གི་མངའ་ཁོངས་སུ་བཙན་འཛུལ་བྱེད་པའི་ཁུ་པཱའི་ཡུལ་འཁྱམས་ཉེས་ཅན་གྱི་གནམ་གྲུ་གཉིས་སར་འཕངས་པའི་དོན་རྐྱེན་བེད་སྤྱད་དེ། ཨ་མེ་རི་ཁས་ཁུ་པཱའི་འགོ་ཁྲིད་རིམ་པར་སྔར་མེད་ཀྱི་གནོན་ཤུགས་སྟེར་བར་ལུགས་མཐུན་གྱི་ཁ་གཡོར་ས་བཙལ་བ་ཡིན་པ་དང་། དེའི་མངོན་སུམ་འཛེམ་མེད་ཀྱི་དམིགས་ཡུལ་ནི་སྲིད་དབང་རྩ་རྫོགས་བྱས་ནས་ཁུ་པཱ་བདག་བཟུང་བྱེད་འདོད་པ་རེད། སྔར་ལས་ལྷག་པའི་གནོན་ཤུགས་སྟེར་ཆེད། ནེ་མུས་ཙི་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་གཙོ་བྱས་པའི་ཨ་མེ་རི་ཁའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་ཅཱ་ལེ་པུས་མཚོ་ཁོངས་སུ་འབྱོར་ཡོད། ཨ་མེ་རི་ཁའི་བྱ་སྤྱོད་དེ་རིགས་ནི་ཁུ་པཱར་དྲག་ཤུགས་ཐེ་གཏོགས་བྱེད་པའི་ཆེད་ཡིན་ལ། དེ་ད་ལོའི་ཟླ་དང་པོར་ཝེ་ནེ་ཙུའེ་ལཱ་ནས་བྱུང་བའི་དོན་རྐྱེན་དང་གཅིག་འདྲ་རེད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཁུ་པཱའི་དཔལ་འབྱོར་ཁྱད་གསོ་བྱེད་པའི་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཁུ་པཱའི་མི་དམངས་དང་སྲིད་གཞུང་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། བསྟུད་མར་ཨུ་རུ་སི་དང་ཁུ་པཱའི་མཛའ་མཐུན་འབྲེལ་བ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།