ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིས་རང་གི་ལོ་རྒྱུས་ལ་བརྙས་དམོད་བྱེད་པར་བཟོད་སྒོམ་བྱེད་མི་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས21ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཁུ་པཱའི་གསར་བརྗེའི་གཙོ་འཛིན་ལའོ་ཨར་ཁཱ་སི་ཐི་ལོ་ཞུ་གཏུགས་བྱས་པར་རྒོལ་གཏམ་བཏང་བ་དང་། ཁུ་པཱའི་མི་དམངས་ཀྱིས་རང་གི་ལོ་རྒྱུས་དང་མི་རིགས་དཔའ་བོར་བརྙས་དམོད་བྱེད་པར་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཟེར།

ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་བཤད་རྒྱུར། ཁུ་པཱའི་མི་དམངས་ཀྱིས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་བློ་སྤོབས་ཆེན་པོས་བཀག་སྡོམ་ལས་བཟོས་པའི་དཀའ་ཁག་སེལ་ཅི་ཐུབ་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་ལའོ་ཨར་ཁཱ་སི་ཐི་ལོ་ཞུ་གཏུགས་བྱས་པ་ལས། ཁུ་པཱའི་མི་དམངས་སྔར་ལས་མཐུན་སྒྲིལ་བྱེད་དུ་བཅུག་པ་དང་། ཁུ་པཱའི་མི་རིགས་ཀྱི་ང་རྒྱལ་དང་བཙན་རྒྱལ་ལ་ངོ་རྒོལ་བྱེད་པའི་སེམས་ཤུགས་ཇེ་ཆེར་བཏང་ཡོད་ཟེར།

ཉིན་དེར་ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཀྱང་དྲ་ཚིགས་བརྒྱུད་དེ་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡི་གཏམ་བཤད་ལ་རྒོལ་གཏམ་བཏང་། ཁོས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་རྫུན་གཏམ་ལ་བརྟེན་ནས་དམག་དོན་བཙན་འཛུལ་ལ་ངན་སྐུལ་བྱས་ཟེར། ཁོས་ཨ་མེ་རི་ཁས་ཉེ་སྔོན་བཀག་སྡོམ་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ཁུ་པཱའི་འབར་སྣུམ་ནང་འདྲེན་ལ་བཀག་སྡོམ་བྱས་ཏེ། ཁུ་པཱའི་དཔལ་འབྱོར་ཉམས་རྒུད་དུ་གཏོང་རྩིས་བྱས་པར་སྐྱོན་འཛུགས་བྱས།

ལོ་ཏི་ལི་ཀི་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་རང་ཉིད་ཀྱིས་ཕྱོགས་གཅིག་གི་བཙན་ཤེད་རང་བཞིན་གྱི་བྱེད་ཐབས་འཆར་འགོད་བྱས་པ་ལས་ད་གཟོད་ཁུ་པཱའི་དཔལ་འབྱོར་འཕེལ་རྒྱས་སུ་བཀག་རྒྱ་གཙོ་བོར་གྱུར་བ་དང་། སྒེར་གཉེར་སྡེ་ཁག་དང་བཅས་པའི་དཔལ་འབྱོར་སྡེ་ཁག་ཚང་མར་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད་པ་གསལ་བོར་ཤེས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།