ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་མང་བོའི་མཉམ་ལས་རྒྱ་བསྐྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཚེས21ཉིན་ཀྲུང་གོ་དང་ཕཱ་ཁི་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་ངོ75འགོར་བའི་ཐད་ནས་ཡིག་ཐོག་གི་ཞུ་ཚིག་ཕུལ་བ་དང་། ཕཱ་ཁི་སི་ཐན་སྲིད་གཞུང་གི་ཚབ་བྱས་ཤིང་མི་སྒེར་གྱི་མིང་ཐོག་ནས་ཕཱ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཕཱ་ཁི་སི་ཐན་གྱིས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ཁྱབ་ཁོངས་མང་བོར་སྤེལ་བའི་མཉམ་ལས་ལ་གཟེངས་བསྟོད་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེས་མུ་མཐུད་དུ་ས་ཁོངས་ཀྱི་གཏན་འཇགས་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་སྲིད་ཟེར།

ཞཱ་པཱ་ཙི་ཡིས་བཤད་རྒྱུར། ཕཱ་ཁི་སི་ཐན་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བརྩི་འཇོག་དང་དགའ་མོས་བྱེད་བཞིན་ཡོད། 1951ལོའི་ཟླ5བའི་ཚེས21ཉིན་འབྲེལ་བ་བཙུགས་པའི་ཚུན་ལ། ཕཱ་ཁི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་རིམ་བཞིན་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་། ཕཱ་ཁི་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕན་ཚུན་ཡིད་ཆེས་དང་བདག་དབང་འདྲ་མཉམ། ཞི་བདེ་དང་འཕེལ་རྒྱས་ཀྱི་ཐུན་མོང་འཚོལ་བསྙེག་སྟེང་བཙུགས་ཡོད་པས། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་དུ་འཐབ་ཇུས་དོན་སྙིང་དེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ཟེར།

ཞཱ་པཱ་ཙི་ཡིས་ནན་གྱིས་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་དང་ཚན་རྩལ་གོང་འཕེལ། དབུལ་སེལ། གོ་ལ་ཧྲིལ་བོའི་གཅིག་འབྲེལ་གཅིག་བརྟེན་ཐད་ནས་བླངས་པའི་འབུར་ཐོན་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོའི་གོང་འཕེལ་དང་བཅོས་བསྒྱུར་ལས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་སྐུལ་མ་གཏོང་བཞིན་ཡོད་པར་མ་ཟད། གོ་ལ་ཧྲིལ་བོའི་ཞི་བདེ་དང་དར་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཕཱ་ཁི་སི་ཐན་གྱིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱས་ཏེ། མུ་མཐུད་དུ་ཀྲུང་གོའི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཀྲུང་གོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཞཱ་པཱ་ཙི་ཡིས་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་གཟེངས་བསྟོད་བྱེད་བཞིན་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་བསླེབས་པར་འབད་འབུངས་བྱེད་རྒྱུ་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་བཟོ་ལས་དང་ཞིང་ལས། ཆ་འཕྲིན་ལག་རྩལ། ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད་ཟེར།

ཞཱ་པཱ་ཙི་ཡིས་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་མཉམ་ལས་དེ་རྒྱུན་ཆད་མེད་པར་གཞི་གྲངས་དཔལ་འབྱོར་དང་མཁའ་འགྲུལ། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་སུ་རྒྱ་བསྐྱེད་པར་སྤྲོ་བ་ཡོད། ཁཱ་ལཱ་ཁུ་ནུའི་གཞུང་ལམ་ནས་བར་སྣང་གི་མཉམ་ལས་བར། ཕཱ་ཁི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་ལས་ཡུན་རིང་བའི་འཐབ་ཇུས་ཡིད་ཆེས་དེ་རྒྱལ་ཁབ་གཉིས་ཀྱི་ཕན་འབྲས་ལྡན་པའི་ཐུན་མོང་གོང་འཕེལ་དང་དར་རྒྱས་སུ་བསྒྱུར་ཐུབ་པ་ར་སྤྲོད་བྱུང་ཡོད་ཟེར།

ཞཱ་པཱ་ཙི་ཡིས་ནན་གྱིས་བསྟན་དོན། གོ་ལ་ཧྲིལ་བོའི་གཏན་འཇགས་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བའི་སྐབས་སུ། ཕཱ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་རིང་དང་། ཞི་བདེ་མཉམ་གནས་ཀྱི་དཀྱེལ་ཡངས་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་མུ་མཐུད་དུ་ས་ཁུལ་གྱི་གཏན་འཇགས་འཕེལ་རྒྱས་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།