ཨུ་རུ་སི་ཡིས་གཤེར་གཟུགས་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ལ་དམིགས་པའི་འཇབ་རྒོལ་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས25ཉིན་སྤྱི་སྒྲོག་སྤེལ་ཏེ། སྡེ་ཁག་དེས་ཉེ་སྔོན་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་དང་རྒྱལ་སྲུང་པུའུ། རྒྱལ་ཁབ་ཉེན་སྲུང་དམག་དཔུང་བཅས་དང་མཉམ་འབྲེལ་བྱས་ནས། གཤེར་གཟུགས་ཀྱི་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ལ་དམིགས་པའི་འཇབ་རྒོལ་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། པུ་ལི་ཧྲིའི་ཨན་ཐི་ཝེ་ཕུའུ་གྲུ་ཁ་ནས་ལམ་དུ་ཆས་པའི་གཤེར་གཟུགས་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ཤིག་ཟླ་ལྔ་བའི་ཚེས20ཉིན་ཨུ་རུ་སིའི་ལེ་ཉིང་ཀི་ལེ་མངའ་སྡེའི་ཝུའུ་སི་ཅི་ལུའུ་ཅཱ་གྲུ་ཁར་འབྱོར་བ་དང་། སྔོན་གྱི་འཆར་གཞི་ལྟར་ན་གྲུ་གཟིངས་དེས་གཤེར་གཟུགས་སོལ་རླངས་དྲུད་རྗེས་ཐུར་ཁེའི་སཱ་མུའུ་སུང་གྲུ་ཁར་བགྲོད་རྩིས་ཡོད་ཟེར།

ཨུ་རུ་སིའི་བདེ་འཇགས་སྡེ་ཁག་གིས་གྲུ་གཟིངས་དེར་ཆུ་འོག་ནས་ཞིབ་བཤེར་བྱེད་སྐབས་འབྱར་ཤུགས་ལྡན་པའི་འབྱར་དངོས་འགའ་རྙེད་པ་དང་། ཆེད་མཁས་པས་རྟོག་ཞིབ་བྱས་པ་བརྒྱུད། འབྱར་དངོས་དེ་ནི་ཆུ་འོག་འགད་རྫས་ལྟ་བུ་ཞིག་ཡིན་པ་དང་། འགད་རྫས་སྒྲིག་ཆས་རེ་རེའི་ལྗིད་ཚད་ལ་སྤྱི་རྒྱ7ཙམ་ཡོད་ཟེར། རྟོག་ཞིབ་བྱས་པ་ལྟར་ན། གྲུ་གཟིངས་དེ་ཨན་ཐི་ཝེ་ཕུའུ་གྲུ་ཁར་དངོས་རྫས་ཕོག་སྐབས་གནས་དེ་ནས་ཉིན་གཉིས་ལ་བསྡད་མྱོང་བ་རེད། མིག་སྔར་འགད་རྫས་སྒྲིག་ཆས་དེ་གཏོར་ལེན་བྱས་ཡོད་ཟེར།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་དོན་དེར་ཉེས་དོན་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།