ཧན་གོའི་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་ཐད་ནས་དབྱི་ལིང་གི་གཞུང་ཚབ་པ་བོས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས27ཉིན་ཧན་གོར་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་བོས་ཏེ། ཟླ་ལྔ་བའི་ཟླ་མགོར་ཧན་གོའི་གྲུ་གཟིངས་ལ་ཧའོ་ཨར་མུའུ་ཙི་མཚོ་འགག་ནས་དབྱི་ལིང་གི་འཕུར་མདའི་འཇབ་རྒོལ་ཐེབས་པའི་ཐད་ནས་རྒོལ་གཏམ་བཏང་། ཧན་གོར་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོས་འཇབ་རྒོལ་དེ་དབྱི་ལིང་ལ་འབྲེལ་བ་ཡོད་པ་ཁས་ལེན་མ་བྱས།

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་ཕྱི་དྲོར་སྤེལ་བའི་ཧན་གོའི་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་རྟོག་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། སྐབས་ཐོག་དེར་གྲུ་གཟིངས་དེར་འཕུར་མདའི་འཇབ་རྒོལ་ཐེངས་གཉིས་ཐེབས་པ་དང་། འཕུར་མདའི་སྒུལ་འཁོར་དང་དབྱི་ལིང་གིས་ཐོན་སྐྱེད་བྱས་པའི་འཁྱིལ་འཕྱུར་སྒུལ་འཁོར་གཅིག་འདྲ་ཡིན་པ་དང་། ལྷུ་ལག་སྟེང་དུ་དབྱི་ལིང་གིས་བཟོས་པའི་ཚོང་རྟགས་ཡོད། ལག་རྩལ་དབྱེ་ཞིབ་ལས་བལྟས་ན། འཕུར་མདའ་དེ་ནི་དབྱི་ལིང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའ་ཡིན་སྲིད་པར་འདོད། རྟོག་ཞིབ་ལས་མངོན་པ་ལྟར་ན། འཕུར་མདའ་དེ་གྲུ་གཟིངས་ཀྱི་ཕྱོགས་སུ་འཕུར་ཡོང་བ་དང་། སྐབས་ཐོག་དེར་གྲུ་གཟིངས་ཀྱི་མཇུག་སྣེ་དབྱི་ལིང་གི་ཕྱོགས་སུ་གཏད་ཡོད་པ་རེད།

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་སུ་ཧན་གོར་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་བོས་ཏེ། ཧན་གོའི་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་རྒོལ་གཏམ་བཏང་བ་དང་། དབྱི་ལིང་ཕྱོགས་ཀྱིས་འགན་ཁུར་བའི་བྱེད་ཐབས་སྤྱོད་དགོས་པའི་རེ་བ་བཏོན།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧན་གོར་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་ཁུའུ་ཙེ་ཆི་ཡིས་དེའི་རྗེས་སུ་ཧན་གོའི་སྨྱན་བྱད་ལ་བསྟན་དོན། དབྱི་ལིང་ཕྱོགས་ཀྱིས་འབྲེལ་ཡོད་སྐྱོན་འཛུགས་ཁས་ལེན་བྱས་མེད་ལ། དབྱི་ལིང་དོན་དེའི་ནང་ཞུགས་མེད་པ་ཁོ་ཐག་ཡིན་ཟེར། ཁོས་བཤད་རྒྱུར། མིག་སྔར་དབུས་ཤར་ས་ཁུལ་དུ་བྱུང་བའི་ཛ་དྲག་གི་གནས་བབ་ནི་ཨ་མེ་རི་ཁའི་སྲིད་གཞུང་དང་དེའི་བཙན་འཛུལ་མཁན་གྱིས་བཟོས་པ་ཡིན་ལ། དབྱི་ལིང་གིས་གྲུ་གཟིངས་དག་བདེ་འཇགས་ངང་ཧའོ་ཨར་མུའུ་ཙི་མཚོ་འགག་བརྒྱུད་པར་འགན་སྲུང་བྱེད་པའི་བྱ་བ་མཐོང་ཆེན་བྱེད་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།