གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་མཛའ་འབྲེལ་ཚན་ཆུང་ཞེས་པའི་གྲོས་ཚོགས་ཀྱི་མཉམ་འབྲེལ་སྤྱི་བསྒྲགས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

2026ལོའི་ཟླ5བའི་ཚེས28ཉིན། གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་མཛའ་འབྲེལ་ཚན་ཆུང་ཞེས་པའི་གྲོས་ཚོགས་ཉིག་ཡའོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པ་དང་། བརྗོད་སྙིང་ནི་བཅོས་བསྒྱུར་ལས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་ལག་རྡང་སྦྲེལ་ནས་གོ་ལ་ཧྲིལ་བོའི་འགྲན་རྩོད་ཐག་གཅོད་བྱེད་དགོས་ཞེས་པ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་གྲོས་ཚོགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ། ཕཱ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཏཱ་ཨར་དང་། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་མཱེ་ལེ་ཏའོ་ཧྥུའུ། ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལའོ་ཏི་ལི་ཀི་སི། ཅིར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལུའུ་པཱ་ཡེ་ཧྥུའུ། ཙེམ་པབ་ཝེའི་ཕྱི་འབྲེལ་བློན་ཆེན་མུའུ་ཨར་ཝེ་ལཱ། ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་དང་པོ་ཨ་ཧྲི་ཁི་པཱ་ཡེ་ཧྥུའུ། ཁམ་ཕུ་ཀྲེའི་ཕྱི་འབྲེལ་པུའུ་ཡི་རྒྱལ་དོན་དྲུང་ཡིག་ཕཱ་ལི་ཏི་སོགས་རྒྱལ་ཁབ་དྲུག་ཅུ་ལྷག་གི་འཐུས་མི་གྲོས་ཚོགས་ལ་ཞུགས།

ཚན་ཆུང་གི་ཁོངས་མིས་བལྟས་ན། མིག་སྔའི་འཛམ་གླིང་དེ་ཟང་ཟིང་གི་བཅོས་བསྒྱུར་དུས་རིམ་དུ་བསླེབས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་མ་ལག་གི་མདུན་དུ་ལྷགས་པའི་གནོན་ཤུགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ཚད་མཐའ་རྒྱ་བསྐྱེད་བཞིན་ཡོད་པར་འདོད།

ཕྱོགས་སོ་སོས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འདོན་དང་དེའི་སྲོག་ཤིང་འདུ་ཤེས་ཆེན་པོ་ལྔ་སྟེ་བདག་དབང་འདྲ་མཉམ་ལག་བསྟར་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་བརྩི་སྲུང་། ཕྱོགས་མང་རིང་ལུགས་ལག་བསྟར། མི་རྩ་བར་འཛིན་པ་དར་སྤེལ། འགུལ་སྐྱོད་ཁྲིད་ཕྱོགས་ལ་དོ་སྣང་བྱེད་བཅས་ལ་དགའ་བསུ་ཞུས་པ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འདོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་གཅིག་མཚུངས་སུ་གྱུར་ཡོད་ལ། དམིགས་ཡུལ་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་ལག་བསྟར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སྲོག་ཤིང་ནུས་པར་ཤུགས་སྣོན་བྱེད་པའི་ཆེད་ཡིན་པར་གཟེངས་བསྟོད་བྱས།

ཚན་ཆུང་གི་ཁོངས་མིས་ཚན་ཆུང་བཙུགས་པའི་ཚུན་ལ་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་འབྲེལ་ཡོད་གནད་དོན་ཐད་འབད་འབུངས་བྱས་པར་ཁས་ལེན་གང་ལེགས་བྱས་པར་མ་ཟད། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་ཇི་ལྟར་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བའི་ཐད་ནས་བརྗེ་རེས་ཟབ་མོ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་།

ཚན་ཆུང་གི་ཁོངས་མིས་བརྩེ་བ་གཙོར་བཟུང་ནས་དྲང་བདེན་སྐྱོང་བ་དང་རང་ཉིད་འཕེལ་རྒྱས་སུ་བཏང་ནས་གཞན་ལ་རོགས་རམ་བྱེད་དགོས་ཤིང་། རང་སྟེང་གི་ལས་དབང་མདུན་ལམ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མདུན་ལམ་ལས་དབང་དམ་པོར་སྦྲེལ་བ་དང་། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བྱས་ནས་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་དགོས་ལ། བདེན་སྲུང་གསར་གཏོད་དང་སྒོ་འབྱེད་དཀྱེལ་ཡངས། གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་འབྲེལ་ཡོད་གནད་དོན་ཐད་ནས་གྲོས་མོལ་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། རྒྱུན་ཆད་མེད་པར་ཚན་ཆུང་གི་སྒྲིག་ལུགས་འཐུས་ཚང་དུ་འཛུགས་སྐྲུན་བྱེད་པར་འཐད་པ་བྱུང་།

ཚན་ཆུང་གི་ཁོངས་མིས་ཀྲུང་གོའི་ཕྱོགས་ཀྱིས་སྐབས་འདིའི་གྲོས་ཚོགས་སྤེལ་བར་འབད་བརྩོན་བྱས་པར་བཀའ་དྲིན་ཞུས་པ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ནས། སྔར་ལས་འདྲ་མཉམ་དང་དྲང་བདེན་ལུགས་མཐུན་གྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། ཞི་བདེ་དང་བདེ་འཇགས། དར་རྒྱས། གོང་འཕེལ་བཅས་ཀྱི་ཐུན་མོང་གི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་བསྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།