ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་སི་རལ་གྱི་ཐལ་སྤྱོད་གཏན་སྡོད་མཁན་གྱི་འབྲེལ་ཡོད་ཚོགས་པ་དང་མི་སྒེར་ལ་བཀག་སྡོམ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས28ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་སི་རལ་གྱི་འབྲེལ་ཡོད་ཚོགས་པ་དང་མི་སྒེར་ལ་བཀག་སྡོམ་བྱེད་རྒྱུ་ཐག་བཅད་པ་དང་། རྒྱུ་མཚན་ནི་ཁོ་ཚོས་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མིར་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་སྤེལ་བར་འགན་ཁུར་དགོས་པས་ཡིན།

གསལ་སྒྲོག་ལས་བཤད་རྒྱུར། བཀག་སྡོམ་མིང་ཐོའི་ནང་བཞག་པའི་ཚོགས་པ་བཞི་དང་མི་སྒེར་གསུམ་ནི་དབྱི་སི་རལ་གྱི་ཐལ་སྤྱོད་རིང་ལུགས་ཀྱི་གཏན་སྡོད་མཁན་རྩ་འཛུགས་དང་གཏན་སྡོད་མཁན་ལ་རྒྱབ་སྐྱོར་བྱེད་པའི་རྩ་འཛུགས། དེ་མིན་འབྲེལ་ཡོད་ཀྱི་འགན་ཁུར་བ་སོགས་རེད། རྩ་འཛུགས་དང་མི་སྒེར་དེ་དག་གིས་གཏན་སྡོད་བྱེད་སའི་སོ་ལྟ་ཁང་བཙུགས་པ་དང་། ཕཱ་ལེ་སི་ཐན་གྱི་མིའི་རྒྱུ་ནོར་འཕྲོག་ལེན་བྱས་པ། དྲག་ཆས་དང་བླངས་པ་རྩ་འཛུགས་བྱས་པའམ་དངོས་རྫས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་པའི་ཐབས་ལ་བརྟེན་ནས། ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་དྲག་ཤུགས་གནས་ཚུལ་ཇེ་སྡུག་ཏུ་བཏང་སྟེ། ཕཱ་ལེ་སི་ཐན་གྱི་སྡེ་ཁག་དག་བཙན་གྱིས་གནས་སྤོར་དུ་བཅུག་པ་དང་རྒྱུ་ནོར་གྱི་གྱོང་གུད་ཐེབས་སུ་བཅུག་ཡོད།

ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་གསལ་སྒྲོག་གཞན་ཞིག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏིའི་ཚད་བཀག་རང་བཞིན་གྱི་བྱེད་ཐབས་བཀོལ་སྤྱོད་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་རྒྱུ་ཐག་བཅད་པ་དང་། ཧཱ་མཱ་སིའི་ཆབ་སྲིད་ཅུས་ཀྱི་ཁོངས་མི་བཅུ་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད།

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་བཤད་རྒྱུར། འབྲེལ་ཡོད་ཀྱི་བཀག་སྡོམ་བྱེད་ཐབས་ལ་མིང་ཐོའི་ནང་ཚུད་པ་དག་གི་ཡོ་རོབ་གླིང་མནའ་འབྲེལ་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་དང་ཁེ་ལས་ཀྱིས་ཐད་ཀར་རམ་བརྒྱུད་པའི་སྒོ་ནས་དེ་དག་ལ་མ་དངུལ་དང་དཔལ་འབྱོར་ཐོན་ཁུངས་གཞན་པ་འདོན་སྤྲོད་བྱེད་པར་གཏན་འགོག་བྱེད་རྒྱུ་མ་ཟད། མི་སྒེར་དག་ཡོ་རོབ་གླིང་གི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།