དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་འབྲེལ་གཏུགས་བྱེད་མི་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེ་སྔོན་དབྱི་སི་རལ་གྱི་འབྲེལ་ཡོད་ལས་ཁུངས་འཁྲུག་རྩོད་ཁྲོད་དྲག་ཤུགས་བྱ་སྤྱོད་སྤེལ་མཁན་གྱི་མིང་ཐོའི་ནང་བཞག་པར་དམིགས་ནས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་སི་རལ་གྱི་འཐུས་མི་ཏཱ་ནོང་གིས་ཚེས28ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་གཞུང་སྒྲུབ་ཁང་བར་འབྲེལ་གཏུགས་བྱེད་མི་སྲིད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་དབྱི་སི་རལ་དུ་འཚམས་འདྲི་བྱེད་པར་བཀོད་སྒྲིག་བྱས་པའི་འཆར་གཞི་རྩིས་མེད་དུ་བཏང་བ་ཡིན་ཟེར།

དབྱི་སི་རལ་གྱི་ཡེ་ལུའུ་སཱ་ལེམ་སྦྲགས་སྲིད་ཚགས་པར་གྱིས་བསྒྲགས་པ་ལྟར་ན། 2026ལོའི་མིང་ཐོ་དེའི་ནང་དབྱི་སི་རལ་གྱི་བཙོན་ཁང་དོ་དམ་ཅུའུ་སོགས་ལས་ཁུངས་འདུས་ཡོད། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི2025ལོའི་ཟླ8པར་མིང་ཐོ་དེའི་ནང་བཞག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ལུགས་ལྟར་ན། མིང་ཐོ་དེའི་ནང་བཞག་པའི་རྒྱལ་ཁབ་དང་ཡང་ན་རྩ་འཛུགས་ཀྱི་མིང་དེ་ཉུང་མཐར་ཡང་ལོ་གཅིག་ལ་མིང་ཐོ་དེའི་ནང་འཇོག་སྲིད་པ་རེད།

ཏཱ་ནོང་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་ལ་ཧཱ་མཱ་སི་སོགས་ཐལ་སྤྱོད་རྩ་འཛུགས་དང་གཅིག་མཚུངས་ཀྱི་ལྟ་ཚུལ་བཟུང་བ་ནི་ཀུན་སྤྱོད་ཐད་ཀྱི་ངོ་ཚ་ཞིག་ཡིན་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་གཞུང་སྒྲུབ་ཁང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།