
དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐཱ་པཱ་ཡིས་ཚེས28ཉིན་ཡིག་ཐོག་གི་གཏམ་བཤད་སྤེལ་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། དབྱི་ལིང་ལས་རིགས་སོ་སོས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
མུའུ་ཅེ་ཐཱ་པཱ་ཡིས་དབྱི་ལིང་དབྱི་སི་ལན་གྲོས་ཁང་བཙུགས་པའི་རྗེས་དྲན་ཉིན་མོར་ཡིག་ཐོག་གི་གཏམ་བཤད་སྤེལ་ཏེ། དབྱི་ལིང་གྲོས་ཁང་ནི་མི་རིགས་ཀྱི་འདུ་ཤེས་མངོན་པ་དང་རྒྱལ་ཁབ་ཁྲིམས་འཛུགས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཁོས་གྲོས་མི་དག་ལ་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཁྱད་པར་དུ་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་འབད་བརྩོན་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
མུའུ་ཅེ་ཐཱ་པཱ་ཡིས་བཤད་རྒྱུར། དབྱི་ལིང་མི་དམངས་ཀྱིས་ཉེ་ལམ་འཁྲུག་རྩོད་ཁྲོད་མཐུན་སྒྲིལ་དང་ཡིད་ཆེས། བསྟུན་ནུས་བཅས་མངོན་པར་བྱས་པ་དང་། མིག་སྔའི་ལས་འགན་གཙོ་བོ་ནི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ལ་སྲུང་སྐྱོབ་བྱས་ནས། ཆབ་སྲིད་དང་སྤྱི་ཚོགས་ཁ་བྲལ་གྱི་སྣང་ཚུལ་འབྱུང་བར་སྔོན་འགོག་བྱེད་རྒྱུ་དེ་ཡིན་ཟེར།
ཁོས་ད་རུང་བཤད་རྒྱུར། དགྲར་འཛིན་སྟོབས་ཤུགས་ཀྱིས་དམག་དོན་དང་དཔལ་འབྱོར། དེ་མིན་དྲིལ་སྒྲོག་བཅས་ཁྱབ་ཁོངས་སུ་བསྟུད་མར་དབྱི་ལིང་ལ་གནོན་ཤུགས་སྟེར་བཞིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཁ་བྲལ་དུ་བཏང་ནས་དབྱི་ལིང་གི་སྟོབས་ཤུགས་ཇེ་ཞན་དུ་གཏོང་ཆེད་རེད་ཟེར། ཁོས་ལས་རིགས་སོ་སོ་དང་ཁྱད་པར་དུ་ཆབ་སྲིད་ཀྱི་འཇོན་མི་དང་གྲོས་མི་དག་གིས་མཉམ་དུ་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།