དབྱི་ལིང་ཕྱོགས་ཀྱིས་སྒྲིག་འགལ་གྲུ་གཟིངས་ལ་ཉེན་བརྡའི་ཚུལ་དུ་འཕུར་མདའ་གཏོང་འཕེན་བྱས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་སྨྱན་བྱད་ཀྱིས་ཚེས28ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། དབྱི་ལིང་གི་དྲག་ཆས་དམག་དཔུང་གིས་ཉིན་དེར་ཧའོ་ཨར་མུའུ་ཙི་མཚོ་འགག་ཉེ་འདབས་ནས་སྒྲིག་འགལ་གྱི་གྲུ་གཟིངས་བཞི་ལ་ཉེན་བརྡའི་ཚུལ་དུ་འཕུར་མདའ་གཏོང་འཕེན་བྱས་པ་ཡིན་ལ། རྒྱུ་མཚན་ནི་གྲུ་གཟིངས་དེ་དག་གིས་མཐུན་སྦྱོར་མ་བྱས་པར་མཚོ་འགག་བགྲོད་རྩིས་བྱས་པ་རེད་ཟེར།

མེད་ཧི་ཨར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་ཕྱོགས་ཀྱིས་ཉིན་དེར་ཧའོ་ཨར་མུའུ་ཙི་མཚོ་འགག་ཉེ་འདབས་སུ་ཉེན་བརྡ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། འབྲེལ་ཡོད་ཀྱི་སྒྲིག་འགལ་གྲུ་གཟིངས་བགྲོད་པར་བཀག་འགོག་བྱས་པ་རེད་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། དྲ་རྒྱའི་སྟེང་གི་གནས་ཚུལ་དང་མི་འདྲ་བ་ཞིག་ཡོད་པ་ནི། ཨ་པཱ་སི་གྲུ་ཁར་འགས་གཏོར་དོན་རྐྱེན་བྱུང་མེད་པ་དང་། ས་དེའི་མང་ཚོགས་ཀྱིས་ཐོས་པའི་འགས་གཏོར་གྱི་སྒྲ་ཆེན་པོ་དེ་དབྱི་ལིང་ཕྱོགས་ཀྱིས་སྒྲིག་འགལ་གྲུ་གཟིངས་ལ་འཕུར་མདའ་གཏོང་འཕེན་བྱས་ཏེ་ཉེན་བརྡ་བཏང་བ་ལས་བྱུང་བ་རེད་ཟེར།

དེ་ལས་གཞན་དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལྷོ་ཕྱོགས་ཀྱི་པུའུ་ཧྲི་ཨར་ཞིང་ཆེན་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་དང་། དབྱི་ལིང་མཁའ་སྲུང་མ་ལག་གིས་དགྲ་བོའི་མི་མེད་གནམ་གྲུ་བཀག་འགོག་བྱས་པ་ལས་བྱུང་བ་རེད། ཨ་མེ་རི་ཁའི་དམག་དཔུང་གི་མི་མེད་གནམ་གྲུ་ཞིག་སར་འཕངས་ཡོད་ཟེར་ཡང་། གནས་ཚུལ་དེར་མིག་སྔར་ད་རུང་དཔོན་ཕྱོགས་ཀྱི་ཁས་ལེན་ཐོབ་མེད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།