
ཟླ6པའི་ཚེས1ཉིན་གྱི་ནམ་གུང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། རྩ་འཛུགས་དེས་འགོ་ཁྲིད་རིམ་པའི་འཐུས་ཚབ་ཚོགས་པས་ཉེ་སྔོན་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་དང་ཐུར་ཁེའི་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ཁཱ་ལོན་དང་གྲོས་མོལ་བྱས། གཙོ་བོ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་དང་འབྲེལ་ཡོད་ཀྱི་ཕྱི་འབྲེལ་བར་འདུམ་གནས་ཚུལ་ལ་གྲོས་བསྡུར་བྱས་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་མོལ་ལས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་ཤུགས་སྣོན་བྱས་པ་དང་། དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་འབྲེལ་ཡོད་གནས་ཚུལ་སོགས་གླེང་ཡོད་ལ། ཧཱ་མཱ་སི་ཕྱོགས་ཀྱིས་དབྱི་སི་རལ་གྱི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་ཀྱིས་དུས་རིམ་རྗེས་མའི་གྲོས་མོལ་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཚུལ་བསྟན།
ཧཱ་མཱ་སིའི་ཕྱོགས་ཀྱིས་སྤྱི་སྒྲོག་ལས་བསྟན་དོན། མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་རྒྱུ་མ་ཟད། ཐུར་ཁེ་དང་ཨེ་ཅིབ། ཁཱ་ཐར་བཅས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་བར་འདུམ་བྱེད་པའི་ཁྲོད་ནུས་པ་བཏོན་པར་བཀའ་དྲིན་ཞུས་པ་དང་། ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲའི་གནས་བབ་དང་འབྲེལ་ཡོད་ཀྱི་མི་ཆོས་གནད་དོན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།