ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་ལིང་གིས་དབྱི་སི་རལ་གྱི་འཚོ་སྡོད་ལ་འཇིགས་ཉེན་གཏན་ནས་བཟོ་མི་རུང་བའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས2ཉིན་བཤད་རྒྱུར། དབྱི་ལིང་གིས་དབྱི་སི་རལ་གྱི་འཚོ་སྡོད་ལ་འཇིགས་ཉེན་གཏན་ནས་བཟོ་མི་རུང་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུས་ཀྱི་ཅུས་ཀྲང་གསར་བས་བརྒྱུད་སྤྲོད་མཛད་སྒོའི་སྟེང་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་སྔར་བཞིན་དུ་ལོ་མང་བོའི་སྲིད་ཇུས་ལག་བསྟར་བྱེད་སྲིད་པ་དང་། དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ཐོབ་ཏུ་འཇུག་མི་སྲིད་ལ། དབྱི་ལིང་གིས་དབྱི་སི་རལ་གྱི་འཚོ་སྡོད་ལ་འཇིགས་ཉེན་གཏན་ནས་བཟོ་མི་རུང་ཟེར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་ལིང་གི་སྲིད་དབང་ནི་འཇིག་རྟེན་སྟེང་ནས་ཤུལ་མེད་དུ་འགྱུར་སྲིད་པའི་འཇིགས་སྐུལ་སྲིད་དབང་ཡིན་པ་དང་། དབྱི་སི་རལ་གྱིས་དམིགས་འབེན་དེ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་པར་མ་ཟད། དབྱི་ལིང་གིས་འཕུར་མདའི་མང་བོ་བཀོལ་ནས་དབྱི་སི་རལ་ལ་འཇིགས་ཉེན་བཟོ་རུ་འཇུག་མི་སྲིད་ཟེར།

ཨ་མེ་རི་ཁའི་ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱིས་ཚེས1ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཉིན་དེར་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་གཏོང་སྐབས། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་དམག་དོན་འགུལ་སྐྱོད་ལ་ཤུགས་སྣོན་བྱེད་པའི་ཐད་ནས་སྡིག་དམོད་བྱས། འབྲེལ་ཡོད་མི་སྣས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་ནེ་ཐཱ་ནི་ཡཱ་ཧུའུ་སྨྱོས་འདུག་ཟེར། སྔོན་ཆད་ནེ་ཐ་ནི་ཡཱ་ཧུའུ་ཡི་རུལ་སུངས་གྱོད་དོན་ཁྲོད་རོགས་རམ་བྱས་ཀྱང་ཁོས་དྲིན་བྱས་དྲིན་དུ་མི་གོ་ཞེས་སྐྱོན་བརྗོད་བྱས།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ཞིག་གིས་ཚེས2ཉིན་དབྱི་སི་རལ་གྱི་སྨྱན་བྱད་ལ་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཐི་ལིང་ཕུའུ་ཡི་སྡིགས་དམོད་ཐེབས་པའི་གནས་ཚུལ་དེ་ཁས་ལེན་མ་བྱས། དབྱི་སི་རལ་གྱི་འཕྲིན་ལམ་བཅུ་གཉིས་པས་བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་དང་ཐི་ལིང་ཕུའུ་གཉིས་ཀྱིས་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་འཇབ་རྒོལ་བྱེད་པའི་འཆར་གཞིའི་ཐད་ནས་ཁ་པར་གྲོས་མོལ་བྱས་པར་བཤད་ཀྱང་། ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་ནེ་ཐཱ་ནི་ཡཱ་ཧུའུ་ལ་སྡིགས་དམོད་བྱས་པ་ཁས་ལེན་བྱས་མེད།

བསྒྲགས་པ་ལྟར་ན། ཁོ་གཉིས་ཀྱིས་ཉིན་དེར་ཁ་པར་གྲོས་མོལ་ཐེངས་གཉིས་བྱས་པ་དང་། ཐེངས་གཉིས་པར་སྣང་ཚུལ་སྔར་ལས་ཛ་དྲག་ཡིན་ལ། ཐི་ལིང་ཕུའུ་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་པེ་རུ་ཐིའི་འཇབ་རྒོལ་རྗེས་སུ་སྣུར་བ་དང་འཐབ་འཁྲུག་མུ་མཐུད་དུ་སྤེལ་བའི་དོན་ལ་མ་དགའ་བ་དང་། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཐི་ལིང་ཕུའུ་ཡིས་དྲ་ཚིགས་བརྒྱུད་དེ་དབྱི་སི་རལ་གྱིས་འཐབ་ཕྱོགས་སོ་སོ་ནས་འཁྲུག་རྩོད་མཚམས་བཞག་པའི་ལྐོག་བརྡ་བཏང་བར་ཡིད་ཆད་ཡོད། ཕྱོགས་གཉིས་ཀྱི་གྲོས་མོལ་ནས་མཇུག་མཐར་ཐུན་མོང་ལྟ་ཚུལ་བྱུང་ཡོད་དེ། དབྱི་སི་རལ་གྱི་མངའ་ཁོངས་ལ་དཔུང་འཇུག་མ་ཐེབས་ན། དབྱི་སི་རལ་གྱིས་པེ་རུ་ཐི་ལ་འཇབ་རྒོལ་བྱེད་མི་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།