
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས2ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་ཚེས1ཉིན་གྱི་དགོང་མོ་ནས་ཚེས2ཉིན་གྱི་ཞོགས་པའི་བར་ཝུའུ་ཁི་ལན་ལ་གཞི་རྒྱ་ཆེ་བའི་ཆམ་ཕབ་བཏང་བ་དང་། སྒྲ་བརྒལ་མྱུར་ཚད་ཅན་གྱི་འཕུར་མདའ་དང་མི་མེད་གནམ་གྲུ་འདུས་པའི་མཁའ་སྐམ་མཚོ་གསུམ་གྱི་མཚོན་ཆ་སྣ་ཚོགས་བཀོལ་སྤྱོད་བྱས་ཡོད་ལ། ཆམ་ཕབ་གཏོང་སའི་དམིགས་འབེན་ནི་ཝུའུ་ཁི་ལན་རྒྱལ་སྲུང་དམག་དོན་གྱི་བཟོ་ལས་ཁེ་ལས་དང་འབར་སྣུམ་གསོག་འཇོག་སྒྲིག་ཆས། དམག་བཀོལ་གནམ་གྲུ་ཐང་སོགས་ཡིན་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཅི་ཧྥུའུ་ལ་དམིགས་པའི་འཕུར་མདའི་ཆམ་ཕབ་ཁྲོད། དཔུང་འཇུག་རང་བཞིན་གྱི་མི་མེད་གནམ་གྲུ་སོགས་དམག་དོན་བཟོ་ལས་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་བཅུ་ལ་ཆམ་ཕབ་བཏང་བ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གི་དམག་མི་བསྡུ་སའི་ལྟེ་གནས་གསུམ་ལ་གཏོར་བརླག་ཐེབས་ཡོད། དེ་ལས་གཞན་ཀྲ་པའོ་ལོ་རི་དང་ཏིས་ཧྲི་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི། ཧཱ་ཨར་ཁི་ཧྥུའུ། སུའུ་མེ། ཧི་མེ་ལེ་ནེ་ཚི་ཅི། པའོ་ཨར་ཐཱ་ཝ་སོགས་ཅི་ཧྥུའུ་མ་འདུས་པའི་ས་ཁུལ་གཞན་པའི་ཝུའུ་ཁི་ལན་གྱི་དམག་དོན་བཟོ་ལས་ཁེ་ལས་ལའང་དུས་མཉམ་དུ་གཏོར་བརླག་ཐེབས་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་འཐབ་རྩ་མཁའ་དམག་དང་དཔུང་འཇུག་ཅན་གྱི་མི་མེད་གནམ་གྲུ། འཕུར་མདའི་དམག་དཔུང་། སྒྱོགས་མདེལ་དམག་དཔུང་བཅས་ཀྱིས་ཝུའུ་ཁི་ལན་གྱི་ས་ཁུལ133ཀྱི་སྦྱོང་བརྡར་ར་བ་དང་། རྒྱང་འཕེན་མི་མེད་གནམ་གྲུའི་གཏོང་འཕེན་ར་བ། ཝུའུ་ཁི་ལན་གྱི་དམག་མི་དང་ཕྱི་རྒྱལ་གྱི་གླས་དམག་བཅས་ཀྱི་གནས་སྐབས་བཀོད་སྒྲིག་བྱེད་སར་ཆམ་ཕབ་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།