དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་ཧཱ་མཱ་སི་ཡིས་བཅོས་སྐྱོང་དབང་ཆ་བརྒྱུད་སྤྲོད་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས2ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། མི་གསུམ་རྐྱེན་ལམ་དུ་ཤོར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་བསྐྱར་བསྒྲགས་བྱས་དོན། ཅཱ་ཧྲ་ས་ཁུལ་གྱི་བཅོས་སྐྱོང་དབང་ཆ་བརྒྱུད་སྤྲོད་བྱེད་འདོད་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་དམིགས་འབེན་ལ་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཀྲ་ཝེ་ཏཱ་གྲོང་རྡལ་དང་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་གྱི་རླངས་འཁོར་ཞིག ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་ས་ཁུལ་གྱི་ཡུལ་འཁྱམས་མི་སྣ་སྡོད་སའི་རས་གུར་ཞིག་བཅས་འདུས་ཟེར།

ཧཱ་མཱ་སིའི་མགྲིན་ཚབ་པ་ཁཱ་ཞི་མུའུ་ཡིས་ཚེས2ཉིན་གསལ་སྒྲོག་ཅིག་ལས་བསྟན་དོན། ཨ་མེ་རི་ཁ་གཙོ་བྱས་པའི་ཞི་བདེའི་ཨུ་ཡོན་ལྷན་ཁང་གིས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་བཅོས་སྐྱོང་དབང་ཆ་བརྒྱུད་སྤྲོད་བྱེད་མི་འདོད་པར་བཤད་པ་ནི་རྫུན་གཏམ་ལ། དམིགས་ཡུལ་ནི་དབྱི་སི་རལ་གྱིས་མུ་མཐུད་དུ་བཙན་འཛུལ་བྱེད་པར་འགེབས་སྲུང་བྱེད་ཆེད་རེད་ཟེར།

ཁཱ་ཞི་མུའུ་ཡིས་བཤད་རྒྱུར། ཧཱ་མཱ་སི་ཡིས་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་བཅོས་སྐྱོང་དབང་ཆ་ཚང་མ་དེའི་སྔོན་གྲོས་ཐག་བཅད་པའི་ཕཱ་ལེ་སི་ཐན་ལག་རྩལ་དཔོན་རིགས་ཨུ་ཡོན་ལྷན་ཁང་ལ་སྤྲོད་རྒྱུ་ཡིན་ལ། ཨུ་ཡོན་ལྷན་ཁང་དེའི་བྱ་བའི་མདུན་དུ་ལྷགས་པའི་བཀག་རྒྱ་གཙོ་བོ་ནི་དབྱི་སི་རལ་དང་ཞི་བདེའི་ཨུ་ཡོན་ལྷན་ཁང་གི་ཅཱ་ཧྲའི་མཐོ་རིམ་འཐུས་མི་ནེ་ཀུའུ་ལཱ་མུའུ་ལཱ་ཏི་ནོའུ་ཧྥུའུ་རེད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།