
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས3ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཉེ་སྔོན་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་བསྒྲགས་བྱས་པ་དང་། གལ་ཏེ་དབྱི་སི་རལ་གྱིས་མུ་མཐུད་དུ་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ལ་བཙན་འཛུལ་བྱས་ན། དབྱི་ལིང་གི་དྲག་ཆས་དམག་དཔུང་གིས་ཡང་བསྐྱར་འཐབ་འཁྲུག་སྤེལ་ཏེ་དབྱི་སི་རལ་མངའ་ཁོངས་ཀྱི་དམིགས་འབེན་ལ་ཆམ་ཕབ་གཏོང་ངེས་ཡིན་ཟེར།
ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁར་གསལ་བོར་བཤད་ཡོད། གལ་ཏེ་དབྱི་སི་རལ་གྱིས་པེ་རུ་ཐི་དམག་དོན་འགུལ་སྐྱོད་སྤེལ་ན་འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་འབྲས་མེད་དུ་གྱུར་བ་ཡིན་ལ། དབྱི་ལིང་ཕྱོགས་ཀྱིས་དེར་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་པ་དང་། དབྱི་ལིང་གི་དྲག་ཆས་དམག་དཔུང་གིས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ཁོས་བསྟན་དོན། ཨ་མེ་རི་ཁར་འབྲེལ་ཡོད་ཀྱི་ཆ་འཕྲིན་བརྒྱུད་སྤྲོད་བྱས་པ་ལས་གཞན། དབྱི་ལིང་གིས་ད་རུང་ས་ཁུལ་གྱི་གྲོགས་པོ་དག་ལ་ཡང་དབྱི་སི་རལ་གྱི་འགུལ་སྐྱོད་དབང་གིས་འཐབ་འཁྲུག་ཡང་བསྐྱར་འབྱུང་སྲིད་པ་ཤེས་སུ་བཅུག་ཡོད་ཟེར། ཁོས་བཤད་རྒྱུར། ས་ཁུལ་གྱི་རྒྱལ་ཁབ་དག་གི་ཐུན་མོང་གནོན་ཤུགས་འོག འབྲེལ་ཡོད་མདག་དོན་འགུལ་སྐྱོད་མཇུག་མཐར་བཀག་འགོག་བྱས་ཏེ། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱས་ཡོད་ཟེར།
དབྱི་ལིང་དང་ཨ་མེ་རི་ཁའི་འབྲེལ་འདྲིས་མཚམས་ཆད་མེད་ཀྱང་། ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལོན་མེད། གྲོས་མོལ་སླར་གསོ་བྱེད་པའི་ཆ་རྐྱེན་ནི་དབྱི་ལིང་མི་རིགས་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་པ་དང་། ལེ་པཱ་ནུན་གྱི་འཐབ་འཁྲུག་མཇུག་སྒྲིལ་བ། ས་ཁུལ་གྱི་ཛ་དྲག་གི་གནས་བབ་མཚམས་འཇོག་པ་བཅས་ཡིན་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁས་ཉེ་སྔོན་གྱི་འཁྲུག་རྩོད་ཁྲོད་དབྱི་ལིང་གི་ནུས་པ་དང་ཤུགས་རྐྱེན་ལ་ངོས་ཟིན་གསལ་བོ་བྱུང་ཡོད་ཟེར།
དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན། དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་གྱི་དབྱི་ལིང་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས1ཉིན་ལེ་པཱ་ནུན་གྱི་གྲོས་ཁང་གི་གྲོས་དཔོན་པེ་ལི་ལ་ཁ་པར་གཏོང་སྐབས་བསྟན་དོན། གལ་ཏེ་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་དམིགས་པའི་འབྲེལ་ཡོད་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་ན། དབྱི་ལིང་གིས་མིག་སྔའི་གྲོས་མོལ་མཚམས་འཇོག་སྲིད་པར་མ་ཟད་དབྱི་སི་རལ་ལ་ངོ་རྒོལ་བྱེད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།