ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་གནས་བབ་ཛ་དྲག་ཏུ་བཏང་བར་ངོ་རྒོལ་བྱེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་བློན་ཆེན་ཧོང་དབྱིན་ཞན་གྱིས་ཚེས3ཉིན་ཨོ་སི་ཁྲུ་ལི་ཡཱའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་ཡིས་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་བར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནང་ངེས་པར་དུ་ལེ་པཱ་ནུན་ཡོད་དགོས་ཟེར།

ཧོང་དབྱིན་ཞན་གྱིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱ་ཡིས་གནད་དོན་དེའི་ཐད་ཀྱི་རྣམ་འགྱུར་ཧ་ཅང་བཟང་བོ་ཡིན། ང་ཚོས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་རྒྱབ་སྐྱོར་མི་བྱེད་པ་དང་། ང་ཚོས་བལྟས་ན་འཁྲུག་རྩོད་མཚམས་འཇོག་པར་ཐོག་མ་ཉིད་ནས་ལེ་པཱ་ནུན་ནང་དུ་འདུས་དགོས་པར་བསམ་ཡོད་ཟེར།

ཧོང་དབྱིན་ཞན་གྱིས་ཨོ་སི་ཁྲུ་ལི་ཡཱ་ཡིས་ཚེས2ཉིན་དབྱི་སི་རལ་གྱི་མི་སྒེར་གསུམ་དང་ཚོགས་པ་བཞི་ལ་དངུལ་ལོར་བཀག་སྡོམ་དང་ཡུལ་སྐོར་ཚད་བཀག་བྱས་ཏེ། དབྱི་སི་རལ་གྱི་གཏན་སྡོད་མཁན་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་མིར་དྲག་སྤྱོད་སྤེལ་བར་རྒོལ་ལན་སྤྲད་པ་བདེན་དཔང་བྱས།

ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། ཨོ་སི་ཁྲུ་ལི་ཡཱ་ཡིས་ནེའུ་ཙེ་ལན་སོགས་གྲོགས་པོའི་རྒྱལ་ཁབ་དང་མཉམ་དུ་ཐེངས་འདིའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་ཡིན། བཀག་སྡོམ་ལས་ཐོག་དང་པོར་དབྱི་སི་རལ་གྱི་གཏན་སྡོད་མཁན་གྱི་ཞིང་ར་བཀག་སྡོམ་བྱ་ཡུལ་གྱི་གྲས་སུ་བཞག་པ་ཡིན་ལ། དེའི་རྒྱུ་མཚན་ནི་ཞིང་ར་དེ་དག་གཏན་སྡོད་མཁན་གྱི་དྲག་ཤུགས་ལྟེ་གནས་སུ་གྱུར་ཡོད་པས་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།