
སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཚེས4ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་འདིའི་ཟླ་དཀྱིལ་གྱི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་ཧྥ་རན་སི་ནས་འཚོགས་པའི་སྐབས་སུ། སུའེ་ཙེར་གྱིས་གྲོས་ཚོགས་བསྡུ་ས་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་དྲག་ཆས་དམག་མི་སྟོང་བཞི་ཙམ་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར།
སུའེ་ཙེར་སྲིད་གཞུང་གིས་བཤད་རྒྱུར། ཟླ6པའི་ཚེས15ཉིན་ནས་ཚེས17ཉིན་བར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་མི་དང་རྒྱལ་ཁབ་གཞན་པའི་འགོ་ཁྲིད་པ་རེ་འགས་རི་ནེ་ཝ་མཚོ་མོའི་ལྷོ་འགྲམ་གྱི་ཨེ་ཝེ་ཨང་ལའེ་པན་ནས་གྲོས་ཚོགས་བསྡུ་རྒྱུ་ཡིན། གྲོས་ཚོགས་བསྡུ་ས་དེ་སུའེ་ཙེར་གྱི་མཐའ་མཚམས་ས་ཁུལ་དུ་ཉེ་བས། རི་ནེ་ཝ་མངའ་སྡེ་དང་ཨོ་མངའ་སྡེ། ཝ་ལའེ་མངའ་སྡེ་བཅས་གསུམ་གྱི་བདེ་འཇགས་དམག་དཔུང་དག་ཛ་དྲག་གི་འགྲན་རྩོད་ལ་འཕྲད་སྲིད་པས། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་གྲོས་ཁང་གིས་དམག་མི་ཁ་སྣོན་བྱས་ནས་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།
སུའེ་ཙེར་སྲིད་གཞུང་གིས་བཤད་རྒྱུར། དམག་དོན་མི་སྣས་གྲོས་ཚོགས་སྐབས་སུ་རི་ནེ་ཝ་གནམ་གྲུ་ཐང་སོགས་རྨང་གཞིའི་སྒྲིག་ཆས་གཙོ་བོར་སྲུང་སྐྱོབ་བྱེད་པའི་འགན་ཁུར་དགོས་པར་མ་ཟད། མཐའ་མཚམས་ཀྱི་བདེ་འཇགས་ཐད་རྒྱབ་སྐྱོར་བྱེད་དགོས། མཁའ་དམག་གིས་བར་སྣང་གི་དོགས་ཟོན་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་སྤྱིའི་མཉམ་ལས་འོག ཟླ6པའི་ཚེས10ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་ནས་དགོང་མོའི་དུས་ཚོད་དྲུག་བར་དུས་ཚོད་གསུམ་རིང་མཁའ་ཁོངས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མི་མེད་གནམ་གྲུར་རྒོལ་བའི་མ་ལག་བཀོད་སྒྲིག་བྱེད་པ་སོགས་ཀྱང་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།