
ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས4ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སིའི་མཐོ་རིམ་དཔོན་རིགས་ཧཱ་ཡཱ་ཡིས་ཉིན་དེར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ལ་ཁ་པར་བཏང་སྟེ། ཕཱ་ལེ་སི་ཐན་གྱི་གནད་དོན་དང་ས་ཁུལ་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས།
གསལ་སྒྲོག་ལས་བཤད་རྒྱུར། ཧཱ་ཡཱ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་སི་རལ་གྱིས་བསྟུད་མར་ཅཱ་ཧྲ་ས་ཁུལ་དུ་བཙན་འཛུལ་དང་བཙན་བཟུང་བྱས་པར་མ་ཟད། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་བར་ཆད་བཟོས་ཡོད་ཟེར། ཁོས་ཕཱ་ལེ་སི་ཐན་གྱི་འགོག་རྒོལ་ཕྱོགས་ཁག་སོ་སོ་དང་ཕཱ་ལེ་སི་ཐན་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་བསྐྱར་བསྒྲགས་བྱས་པ་དང་། ཕཱ་ལེ་སི་ཐན་མི་རིགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཁྱད་པར་དུ་དབྱི་སི་རལ་གྱི་བཙན་འཛུལ་དང་བཙན་བཟུང་མཇུག་སྒྲིལ་རག་བར་མུ་མཐུད་དུ་འགོག་རྒོལ་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨ་ལཱ་ཀི་ཆི་ཡིས་ཁ་པར་གཏོང་སྐབས་ཕཱ་ལེ་སི་ཐན་མི་དམངས་དང་ཕཱ་ལེ་སི་ཐན་ཕྱོགས་ཁག་སོ་སོས་དབྱི་སི་རལ་གྱི་འཇབ་རྒོལ་མདུན་ནས་སེམས་ཤུགས་བརྟན་པོ་མངོན་པར་གཟེངས་བསྟོད་བྱས། ཁོས་བསྟན་དོན། དབྱི་ལིང་གིས་མུ་མཐུད་དུ་དབུས་ཤར་ས་ཁུལ་གྱི་མི་དམངས་དང་ཁྱད་པར་དུ་ཕཱ་ལེ་སི་ཐན་དང་ལེ་པཱ་ནུན་གྱི་མི་དམངས་ཀྱིས་དབྱི་སི་རལ་གྱི་བཙན་འཛུལ་དང་བཙན་བཟུང་ལ་འགོག་རྒོལ་བྱེད་པའི་རྩ་དོན་རང་བཞིན་གྱི་སྲིད་ཇུས་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།