དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནོན་ལྷོ་རྒྱུད་དུ་མཁའ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ལེ་པ་ནོན་རྒྱལ་ཁབ་གསར་འགྱུར་ཁང་གི་ཚེས5ཉིན་གྱི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པ་ནོན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར་བ་དང་མི15ལ་རྨས་ཕོག་ཡོད།

གནས་ཚུལ་བཀོད་པ་ལྟར་ན། དབྱི་སི་རལ་དམག་དཔུང་གི་དམག་འཐབ་གནམ་གྲུ་དང་མི་མེད་གནམ་གྲུས་ཉིན་དེའི་ཐོ་རེངས་དུས་སུ་ནེ་པེ་ཐིས་ཡེ་དང་། པེན་ཐི་ཀྲུའུ་པེ་ལི། ཐིས་ཨར་སོགས་ས་ཁུལ་གྱི་མཁར་གྲོང་མང་བོར་བར་སྣང་འཇབ་རྒོལ་བྱས་ཤིང་། འཇབ་རྒོལ་གྱི་དམིགས་འབེན་ལ་སྡོད་ཁང་དང་། རླངས་འཁོར། འཕྲུལ་རྟ་སོགས་འདུས་ཡོད། དེའི་ཁྲོད་དུ། ཐིས་ཨར་ས་ཁུལ་གྱི་ཨ་པ་ཞི་ཡེ་རུ་ཡོད་པའི་དངུལ་ཁང་གི་ཡན་ལག་དངུལ་ཁང་ཡོད་སའི་ཐོག་ཁང་དེར་འཇབ་རྒོལ་ཁྲོད་གཏོར་བརླག་ཐེབས་ནས་མང་ཚོགས12ལ་རྨས་ཕོག་ཡོད་ཟེར།

གནས་ཚུལ་བཀོད་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ད་དུང་སའེ་ཏ་དང་ཀྲ་ཧི་ལ་ཉི་ས་ཁུལ་གྱི་མཁར་གྲོང་མང་བོར་ཕྱིར་འཐེན་གྱི་ཉེན་བརྡ་བཏང་། གནས་ཚུལ་གོ་རྗེས། སྡོད་དམངས་མང་ཆེ་བ་འབྲེལ་ཡོད་ས་ཁུལ་ནས་ཕྱིར་འཐེན་བྱེད་འགོ་བརྩམས་ཡོད་ཟེར།

གཞན་ཡང་ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། དེའི་དྲག་ཆས་མི་སྣས་ཉིན་དེར་ལེ་པ་ནོན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་དབྱི་སི་རལ་གྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པར་མ་ཟད། དབྱི་སི་རལ་དམག་དཔུང་དང་འཐབ་འཁྲུག་བྱས་ཟེར།

ལེ་པ་ནོན་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ3པའི་ཚེས2ཉིན་གྱི་ཚུན་དུ། དབྱི་སི་རལ་གྱིས་ལེ་པ་ནོན་ལ་འཇབ་རྒོལ་བྱས་པ་ལས་མི་སུམ་སྟོང་ལྔ་བརྒྱ་ང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་བརྒྱད་བརྒྱ་བདུན་ཅུར་རྨས་ཕོག་ཡོད་ཟེར།

​རིག་འཛིན་སྒྲོལ་མས་བསྒྱུར།