ཧ་མ་སིའི་འཐུས་ཚབ་ཚོགས་པ་ཨེ་ཅིབ་ཏུ་འབྱོར་ནས་འདུམ་འགྲིག་ཕྱོགས་དང་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པར་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་ཚེས5ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧ་མ་སིས་འགོ་ཁྲིད་པའི་འཐུས་ཚབ་ཚོགས་པ་ཉིན་དེར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་འབྱོར་བ་དང་། ཚེས6ཉིན་ནས་འདུམ་འགྲིག་ཕྱོགས་དང་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་ཡོང་བའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། འཐུས་ཚབ་ཚོགས་པ་དེ་ཧ་མ་སིའི་མཐོ་རིམ་དཔོན་པོ་ཧ་ལིས་ལི.ཧ་ཡ་ཡིས་འགོ་ཁྲིད་ཡོད། སྔོན་དཔག་ལྟར་ན་བསྟུད་མར་ཉིན་འགའི་རིང་གྲོས་མོལ་བྱེད་རྒྱུ་རེད། དེའི་སྐབས་སུ་འཐུས་ཚབ་ཚོགས་པས་ཨེ་ཅིབ་ཕྱོགས་ཀྱི་དཔོན་པོ་དང་འབྲེལ་ཡོད་འདུམ་འགྲིག་ཕྱོགས་ཀྱི་མི་སྣར་ཐུག་འཕྲད་བྱས་ནས། དུས་ལྟར་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་ཐོག་མའི་དུས་རིམ་གྱི་གྲོས་ཡིག་དོན་འཁྱོལ་བྱེད་པ་དང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་མུ་མཐུད་འཇབ་རྒོལ་བྱེད་པ་མཚམས་འཇོག་རྒྱུ་མ་ཟད། དམག་འཁྲུག་མཚམས་འཇོག་པ་དུས་རིམ་གཉིས་པར་ཞུགས་པའི་འོས་འཚམ་གྱི་རྐྱེན་སྲོལ་འཛུགས་རྒྱུ་སོགས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། འཐུས་ཚབ་ཚོགས་པས་ད་དུང་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་དང་ཆབ་སྲིད་སྟོབས་ཤུགས་འགའ་རེ་དང་ཐུག་འཕྲད་བྱས་ནས། གྲོས་དོན་མང་པོར་བརྟེན་ནས་གཅིག་གྱུར་གྱི་མི་རིགས་ལངས་ཕྱོགས་གསལ་འགྲེལ་བྱེད་རྒྱུ་ཡིན་པ་མ་ཟད། ཕ་ལེ་སི་ཐན་གྱི་མི་དམངས་འཕྲད་པའི་འགྲན་སློང་ལ་ཁ་གཏད་ཇི་ལྟར་འཇལ་བའི་ཐད་ནས་ཐུན་མོང་ངོས་འཛིན་བྱུང་ཡོད་ཟེར།

2025ལོའི་ཟླ10བར་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་ཐོག་མའི་དུས་རིམ་གྱི་གྲོས་ཡིག་ནུས་ལྡན་དུ་གྱུར་བའི་ཚུན་དུ། དབྱི་སི་རལ་གྱིས་རྒྱུན་ཆད་མེད་པར་ཧ་མ་སིས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཡིག་ལ་རྒྱབ་འགལ་བྱས་པར་ཁ་གཡར་ནས་འཇབ་རྒོལ་བྱེད་བཞིན་ཡོད། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ6པའི་ཚེས4ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། གྲོས་ཡིག་ནུས་ལྡན་དུ་གྱུར་བའི་ཚུན་དུ། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་བ་ལས་མི་དགུ་བརྒྱ་ཞེ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་སྟོང་དགུ་བརྒྱ་སོ་ལྔར་རྨས་ཕོག་ཡོད།

《དབྱི་སི་རལ་གྱི་དུས་ཐོག་ཚགས་པར》སྟེང་ཚེས1ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་འདུམ་འགྲིག་ཕྱོགས་ཀྱིས་གཟའ་འཁོར་འདིའི་ནང་དུ་ཨེ་ཅིབ་ཏུ་ཧ་མ་སི་ཕྱོགས་དང་དྲག་ཤུགས་མེད་པར་གཏོང་བའི་གྲོས་མོལ་ཡང་བསྐྱར་སྤེལ་འགོ་རྩོམ་རྒྱུའི་འཆར་གཞི་ཡོད། གྲོས་མོལ་འདི་ད་སྔ་ཐབས་སྡུག་ཏུ་གྱུར་ཡོད་ཅིང་། ཧ་མ་སི་ཡིས“ཞི་བདེའི་ཨུ་ཡོན་ལྷན་ཁང”གི་དྲག་ཤུགས་མེད་པར་གཏོང་བའི་སྐོར་གྱི་གྲོས་འགོ་དང་ལེན་མ་བྱས་པར་མ་ཟད། དབྱི་སི་རལ་གྱིས་སྔོན་ལ་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་ཐོག་མའི་དུས་རིམ་གྱི་གྲོས་ཡིག་དོན་ཚན་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

རིག་འཛིན་སྒྲོལ་མས་བསྒྱུར།