
ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས5ཉིན། སྐབས་ཉེར་དགུ་པའི་ཧྲིན་པིས་ཏི་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། ཕན་ཚུན་གྱི་བསམ་ཚུལ་ལ་ཉན་པ་དང་། ཕྱོགས་སོ་སོའི་ཁེ་ཕན་རྒྱུས་ལོན་བྱེད་པ། ཐུན་མོང་གི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱ་རྒྱུ་བཅས་ནི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པའི་འཆམ་མཐུན་གྱི་བགྲོད་ལམ་ཞིག་ཡིན་པར་མ་ཟད། ད་ལྟའི་འཛམ་གླིང་གིས་འགྲན་སློང་དྲག་པོར་ཁ་གཏད་འཇལ་བར་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སུས་ཐོག་མཐར་བར་གསུམ་དུ་འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་བྱེད་མཁན་ལ་སྒོ་འབྱེད་སྲུང་འཛིན་བྱས་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས་རྒྱལ་ཁབ130ཙམ་གྱི་ཚོང་ལས་འབྲེལ་བ་འཛུགས་འདོད་ཅིང་ཚོང་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཁེ་ལས་ཀྱི་མིང་དུ་གྲགས་པའི་མཐོ་རིམ་དོ་དམ་པ་དང་། ཚོང་གཉེར་མི་སྣ་གཞན་པ། ཆེད་ལས་མི་སྣ་བཅས་སྣེ་ལེན་བྱས་ཡོད་ཟེར། ཁོས་ནན་བཤད་བྱས་དོན། དཔལ་འབྱོར་འཕར་སྣོན་ལས་རྒྱལ་ཁབ་སྔར་ལས་མང་བོར་ཕན་ཐོགས་པ་དང་། དེ་སྔོན་འཛམ་གླིང་དཔལ་འབྱོར་གྱི་མཐའ་མཚམས་སུ་གནས་པའི་མི་དམངས་དུང་ཕྱུར་མང་པོར་གོ་སྐབས་ཐོབ་པའི་སྐབས་སུ། འཛམ་གླིང་ད་གཟོད་སྔར་ལས་འདྲ་མཉམ་དུ་འགྱུར་སྲིད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། གལ་འགངས་ཆེ་ཤོས་ནི་དཔལ་འབྱོར་འཕར་གཞི་གསར་པའི་དཀྱིལ་སྙིང་གིས་འཕེལ་རྒྱས་ཐབས་ལམ་རང་དགར་ཐག་གཅོད་བྱེད་ཅིང་། སྔར་ལས་མང་བའི་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཐོབ་པར་མ་ཟད། སྤུས་རྟགས་བསྐྲུན་པ་དང་། ཚད་གཞི་འཛུགས་པ། ཁྱད་ཆོས་ལྡན་པར་གཏོང་ཐུབ། ཁོས་འདས་པའི་ལོ་ལྔའི་རིང་གསེར་གྱོམ་རྒྱལ་ཁབ་ཀྱིས་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཐད་བྱས་རྗེས་ཆེན་པོ་བཞག་པར་མ་ཟད། བྱས་རྗེས་འདིའི་རིགས་མུ་མཐུད་དུ་ཇེ་མང་དུ་གཏོང་ངེས་ཡིན་ཟེར།
ཕུའུ་ཅིན་གྱིས་ད་རུང་བཤད་རྒྱུར། ཁེ་ལས་ཀྱིས་འཕེལ་རྒྱས་གསོན་ཤུགས་སྔར་ལས་ཤུགས་དྲག་ཅིང་། ཐོན་སྐྱེད་དང་ཕྱིར་འཚོང་འཕར་སྣོན་གྱི་མདུན་ལྗོངས་སྔར་ལས་ཡངས་བའི་ས་ཁུལ་ལ་ལྷག་ཏུ་དོ་སྣང་བྱེད་ངེས། དེའི་རྐྱེན་གྱིས། འཛམ་གླིང་ཉོ་ཚོང་དང་དངུལ་རྩའི་སྡེ་ཁག་གི་དམིགས་འབེན་ལ་འགྱུར་ལྡོག་གཏོང་བཞིན་ཡོད་ལ། འཕེལ་ཕྱོགས་འདིའི་རིགས་མུ་མཐུད་རྒྱུན་བསྲིང་རྒྱུ་རེད་ཟེར།
ཧྲིན་པིས་ཏི་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ནི1997ལོར་སྤེལ་འགོ་བརྩམས་ཤིང་། ཨུ་རུ་སུའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཆེ་གྲས་གལ་ཆེན་གྱི་རིགས་ཤིག་རེད། དུས་ཡུན་ཉིན་བཞི་ཡིན་པའི་སྐབས་འདིའི་གླེང་སྟེགས་ཚེས3ཉིན་ཨུ་རུ་སུའི་གྲོང་ཁྱེར་ཆེན་མོ་གཉིས་པ་ཧྲིན་པིས་ཏི་པོའི་ལྷོ་ཕྱོགས་སུ་གནས་པའི་ཚོགས་འགྲེམ་ལྟེ་གནས་སུ་བསྡུས་ཤིང་། སྐབས་འདིའི་བརྗོད་དོན་ནི“དངོས་གཉེར་གླེང་མོལ་བྱས་ཏེ་གཏན་འཇགས་ཀྱི་མ་འོངས་བགྲོད་ལམ་སྙེག”ཅེས་པ་ཡིན།
རིག་འཛིན་སྒྲོལ་མས་བསྒྱུར།