
ཚེས6ཉིན། ཁུ་ཝེ་ཐིའི་རྒྱལ་ཡོངས་སུ་མཁའ་ཟོན་ཉེན་བརྡ་བཏང་། ཁུ་ཝེ་ཐིའི་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས་ཉིན་དེར་ཁུ་ཝེ་ཐིའི་མཁའ་ཟོན་སྡེ་ཁག་གིས་དགྲ་ཕྱོགས་ཀྱི་འཕུར་འདེལ་དང་མི་མེད་གནམ་གྲུའི་འཇབ་རྒོལ་བཀག་འགོག་བྱས་པ་བསྟན།
ཁུ་ཝེ་ཐིའི་དྲག་ཆས་རུ་དཔུང་གི་སྤྱིའི་ཇུས་འདོན་པུའུ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁུ་ཝེ་ཐིའི་མཁའ་ཟོན་སྡེ་ཁག་གིས་དགྲ་ཕྱོགས་ཀྱི་འཕུར་མདེལ་དང་མི་མེད་གནམ་གྲུའི་འཇབ་རྒོལ་བཀག་འགོག་བྱས། གལ་ཏེ་མང་ཚོགས་རྣམས་ཀྱིས་འགད་གཏོར་གྱི་སྒྲ་ཐོས་ཚེ། དེ་ནི་མཁའ་ཟོན་སྡེ་ཁག་གིས་དགྲ་བོའི་འཇབ་རྒོལ་བཀག་པ་ལས་བྱུང་བ་ཡིན་ཟེར། གསལ་བསྒྲགས་ནང་མི་ཚང་མས་འབྲེལ་ཡོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་བདེ་འཇགས་མཛུབ་སྟོན་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཅུང་མ་འགོར་བའི་སྔོན་ལ། ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨ་རིའི་དམག་དཔུང་གིས་དབྱི་ལང་གིས་ཧོ་ཨར་མུའུ་ཙི་མཚོ་འགག་ཏུ་འཕུར་གཏོང་བྱས་པའི་ཕར་རྒོལ་མི་མེད་གནམ་གྲུ་བཞི་སར་འཕངས་པ་དང་། དེའི་རྗེས་སུ་དབྱི་ལང་གི་ཀི་ལུའུ་ཁི་ས་ཁུལ་དང་ཀི་ཧྲི་མུའུ་གླིང་ཕྲན་གྱི་འགྲམ་རྒྱུད་དུ་ཡོད་པའི་རེག་བརྡ་ས་ཚིགས་ལ་བར་སྣང་འཇབ་རྒོལ་བྱས་ཟེར།
གཞན་ཡང་དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ས་དེའི་ཚེས6ཉིན་གྱི་ནམ་གུང་གི་ཆུ་ཚོད་གཉིས་དང་སྐར་མ་ཕྱེད་ཀ་ཡས་མས་སུ། ཧོ་ཨར་མུའུ་ཙི་མཚོ་འགག་འགྲམ་རྒྱུད་ཀྱི་ཞི་ལེ་ཁི་ས་ཁུལ་དུ་འགད་གཏོར་གྱི་སྒྲ་མང་པོ་གྲགས་ཟེར། མིག་སྔར་དཔོན་ཕྱོགས་ཀྱིས་འགད་གཏོར་སྒྲ་ཡི་འབྱུང་ཁུངས་དང་ཞིབ་ཕྲའི་གནས་ཚུལ་གཞན་གང་ཡང་ངོས་འཛིན་བྱས་མེད།
དེ་སྔོན། ཨ་རིའི་དམག་ཕྱོགས་ཀྱིས་དབྱི་ལང་གི་དམག་དོན་དམིགས་འབེན་ལ་འཇབ་རྒོལ་བྱས་རྗེས། དབྱི་ལང་གིས་ཁུ་ཝེ་ཐི་སོགས་ས་ཁུལ་དུ་ཡོད་པའི་ཨ་རིའི་དམག་གི་རྟེན་གཞིར་འཁོན་ལན་སློག་པའི་རྡུང་རྡེག་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།