ཨ་རིའི་དམག་གིས་དབྱི་ལང་གི་མཚོ་རྒྱུད་ས་ཁུལ་ཁག་ཅིག་ལ་འཇབ་རྒོལ་བྱས། དབྱི་ལང་གིས་ཨ་རིའི་མཚོ་དམག་རུ་ཁག་ལྔ་པའི་སྒྲིག་བཀོད་ལ་རྡུང་རྡེག་བཏང་བ་བསྟན།
ཁུངས། ཀློག་གྲངས།

དབྱི་ལང་གི་སྨྱན་སྦྱོར་གྱིས་ཚེས6ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཧོ་འར་མུའུ་ཙི་མཚོ་འགག་འགྲམ་ངོགས་ཀྱི་ཞིས་ལི་ཁི་ས་ཁུལ་དུ་ཚེས་དྲུག་ཉིན་གྱི་ཐོ་རེངས་སུ་འགད་གཏོར་གྱི་སྒྲ་མང་པོ་གྲགས་པ་རེད། དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གིས་ཚེས་དྲུག་ཉིན་གསལ་བསྒྲགས་སྤེལ་ནས། ཨ་རིའི་དམག་དཔུང་གིས་ཞིས་ལི་ཁི་གླིང་ཕྲན་དང་ཀི་ཧྲི་མུའུ་གླིང་ཕྲན་དུ་བཙན་འཛུལ་བྱས་པའི་བྱ་སྤྱོད་ལ་འཁོན་ལན་སློག་ཆེད། དབྱི་ལང་ཕྱོགས་ཀྱིས་མདེལ་ལམ་འཕུར་མདའ་འཕངས་ནས་ཁི་ཝེ་ཐི་རུ་གནས་པའི་ཨ་རིའི་དམག་དཔུང་རྟེན་གཞི་གཉིས་དང་པ་ལིན་དུ་ཡོད་པའི་ཨ་རིའི་མཚོ་དམག་གི་དམག་གྲུ་རུ་ཁག་ལྔ་པའི་སྒྲིག་བཀོད་གལ་ཆེན་ལ་རྡུང་རྡེག་བཏང་བ་བསྟན། 

ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། པ་ལིན་དུ་གནས་པའི་ཨ་རིའི་དམག་གྲུའི་རུ་ཁག་ལྔ་བའི་སྤྱི་ཁྱབ་པུའུ་ལ་གཏོར་བརླག་ཐེབས་པ་ཁས་མ་བླངས་པར་མ་ཟད། དབྱི་ལང་གིས་ཧོ་འར་མུའུ་ཙི་མཚོ་འགག་དང་མཚོ་ཁུག་རྒྱལ་ཁབ་ལ་འཕེན་གཏོང་བྱས་པའི་མདེལ་ལམ་འཕུར་མདའ་དང་མི་མེད་གནམ་གྲུ་མང་པོ་བཀག་པ་བསྟན། ཨ་རིའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་དེ་སྔ་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། ཨ་རིའི་དམག་དཔུང་གིས་ཚེས5ཉིན་དབྱི་ལང་གི་ཀི་ལུའུ་ཁི་ས་ཁུལ་དང་ཀི་ཧྲི་མུའུ་གླིང་ཕྲན་གྱི་མཚོ་རྒྱུད་རེག་བརྡ་ས་ཚིགས་ལ་མཁའ་རྒོལ་བྱས།

ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས་ལྔ་ཉིན་བསྟན་དོན། དབྱི་ལང་ཐད་ཀྱི་དམག་འཁྲུག་མགྱོགས་མྱུར་ངང་མཇུག་བསྒྲིལ་རྒྱུ་ཡིན་པ་མ་ཟད། དངོས་ཟོག་གི་རིན་གོང་མཐོ་བའི་རྒྱུ་རྐྱེན་གཙོ་བོ་མེད་པར་བཟོ་རྒྱུ་ཡིན་ཟེར།