
དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཚེས6ཉིན་ཨ་རིས་ཉིན་དེར་པོ་སི་མཚོ་ཁུག་འགྲམ་ངོགས་ཀྱི་དབྱི་ལང་ཕྱོགས་ཀྱི་རེག་བརྡ་སྒྲིག་བཀོད་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་ཞིང་། ཐེངས་འདིའི་འཇབ་རྒོལ་ནི་དབྱི་ལང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བཙན་འཛུལ་བྱས་པ་ཞིག་རེད་ཟེར།
དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཨ་རིའི་དམག་དཔུང་གིས་ཉིན་དེའི་ཐོ་རེངས་དུས་སུ་ཞི་ལི་ཁི་ས་ཁུལ་དང་ཀི་ཧྲི་མུའུ་གླིང་ཕྲན་གྱི་མཚོ་འགྲམ་དུ་ཡོད་པའི་རེག་བརྡ་སྒྲིག་བཀོད་ལ་དམག་དོན་འཇབ་རྒོལ་བྱས་པའི་ཐད་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་རིས་ཡང་དང་བསྐྱར་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཡིག་ལ་རྒྱབ་འགལ་བྱས་པས། ཛ་དྲག་གི་གནས་བབ་ཞི་ལྷོད་དུ་གཏོང་འདོད་མེད་པ་དང་། གཏན་འཇགས་ཀྱི་བགྲོད་ལམ་སྟེང་ཡང་བསྐྱར་ལོག་འདོད་མེད་པ་མཚོན་ལ། ཉེན་མཆོང་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བ་བརྒྱུད་ས་ཁུལ་གྱི་བདེ་འཇགས་འཇིགས་སྐུལ་ཚབས་ཆེན་ལ་འཕྲད་དུ་འཇོག་འདོད་པ་ཡང་བསྐྱར་བདེན་དཔང་བྱས་ཟེར། ཨ་རིས་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་ལས་བྱུང་བའི་མཇུག་འབྲས་དང་ཤུགས་རྐྱེན་ཡོད་ཚད། དེ་བཞིན་དེ་ལས་འབྱུང་སྲིད་པའི་གནས་བབ་རིམ་སྤོར་གྱི་བྱ་སྤྱོད་གང་རུང་བཅས་ཀྱི་འགན་འཁྲི་ཡོད་ཚད་འཁུར་དུ་ལེན་དགོས་ཟེར།
གཞན་ཡང་། དབྱི་ལང་ཕྱི་འབྲེལ་པུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་རྒྱལ་སྤྱིའི་ལས་ཁུངས་ཀྱིས་ཨ་རིས་རྒྱུན་མཐུད་ངང་མངོན་སུམ་འཛེམ་མེད་ཀྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཡིག་ལ་རྒྱབ་འགལ་དང་ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་ཐད་ནས་མྱུར་དུ་ལན་གསལ་བོ་འདེབས་དགོས་པ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ལ་རྒྱབ་འགལ་དང་ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་གནོད་སྐྱེལ་བའི་བྱ་སྤྱོད་སྔར་ལས་རྒྱུན་ལྡན་དུ་འགྱུར་བར་བཀག་འགོག་བྱེད་རྒྱུའི་སྐུལ་མ་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།