ཝུའུ་ཁི་ལན་གྱིས་ཨུ་རུ་སུའི་དམིགས་འབེན་སྒྲིག་བཀོད་མང་པོར་རྡུང་རྡེག་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་ཚེས6ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་ཀྱིས་ཨུ་རུ་སིའི་མངའ་ཁོངས་ཀྱི་ས་ཁུལ་མང་པོའི་སྒྲིག་བཀོད་ལ་མི་མེད་གནམ་གྲུས་རྡུང་རྡེག་བཏང་ཞིང་། དེའི་དམིགས་འབེན་ལ་དམག་ཆས་མཛོད་ཁང་དང་། དམག་དོན་རྟེན་གཞི། སྣུམ་གསོག་རྟེན་གཞི་སོགས་ཚུད་ཡོད་ཟེར། ཨུ་རུ་སུའི་ཧྲིན་པིས་ཏི་པོ་གྲོང་ཁྱེར་དང་ལེ་ཉིན་ཀི་ལི་མངའ་སྡེའི་དཔོན་མིས་ཉིན་དེར་དུས་མཉམ་དུ་བཤད་རྒྱུར། ས་དེར་གཞི་རྒྱ་ཆེ་བའི་མི་མེད་གནམ་གྲུས་འཇབ་རྒོལ་ཐེབས་ཤིང་། ལེ་ཉིན་ཀི་ལི་མངའ་སྡེ་རུ་འཇབ་རྒོལ་བྱས་པ་ལས་མི་གསུམ་ལ་རྨས་ཕོག་ཡོད་ཟེར།

ཝུའུ་ཁི་ལན་རྒྱལ་སྤྱིའི་ཡིག་ཆ་བརྒྱུད་སྤྲོད་གློག་འཕྲིན་ཁང་གིས་ཚེས6ཉིན་གནས་ཚུལ་བཀོད་པ་ལྟར་ན། ཙི་ལེན་སི་ཅི་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་ཨུ་རུ་སུའི་ཧྲིན་པིས་ཏི་པོ་ས་ཁུལ་དུ་འཕུར་ནས། ཨུ་རུ་སུའི་མཚོ་དམག་གི་དམག་ཆས་མཛོད་དང་ཁ་ལང་ཧྲི་ཐ་ཏི་དམག་དོན་རྟེན་གཞིར་རྡུང་རྡེག་བཏང་ཟེར། དེ་ལས་གཞན། ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུས་ད་དུང་ཨུ་རུ་སུའི་ལྷོ་ཕྱོགས་ཀྱི་ཁི་ལ་སི་ནོ་ཏ་ཨར་ས་ཁུལ་གྱི་སྣུམ་གསོག་རྟེན་གཞིར་ཡང་རྡུང་རྡེག་བཏང་ཟེར།

ཧྲིན་པིས་ཏི་པོ་གྲོང་ཁྱེར་གྱི་འགོ་གཙོ་པེ་ཀི་ལོ་ཧྥུའུ་ཡིས་ཚེས6ཉིན་བཤད་རྒྱུར། ཧྲིན་པིས་ཏི་པོ་རུ་མཁའ་ཟོན་མ་ལག་ཕྱེས་ནས་འཇབ་རྒོལ་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བྱས་ཡོད་ཟེར། ལེ་ཉིན་ཀི་ལི་མངའ་སྡེའི་འགོ་གཙོ་ཡ་ལི་ཧྲན་ཏ.ཏི་ལོ་ཙི་ཅན་ཁི་ཡིས་ཉིན་དེར་བཤད་རྒྱུར། ལེ་ཉིན་ཀི་ལི་མངའ་སྡེ་རུ་མཁའ་ཟོན་མ་ལག་གིས་མི་མེད་གནམ་གྲུ144སར་འཕངས་ཡོད་ཟེར་ཞིང་། མངའ་སྡེ་དེའི་མངའ་ཁོངས་མང་པོར་མི་མེད་གནམ་གྲུའི་ཆག་རོ་རྙེད་པ་དང་། བཟོ་བཀོད་ཁ་ཤས་ཀྱི་ཕྱི་གྱང་དང་དྲ་མ་སོགས་ལ་ཆག་རོ་འཁེལ་ནས་གཏོར་བཤིག་བཏང་བར་མ་ཟད། འཇབ་རྒོལ་ཁྲོད་དུ་མི་གསུམ་ལ་རྨས་ཕོག་ཡོད་ཟེར། མིག་སྔར་ཉེན་བརྡ་མེད་པར་བཟོས་ཡོད།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་ཚེས6ཉིན་གྱི་བརྡ་ཁྱབ་ལས་མངོན་པ་ལྟར་ན། ཚེས5ཉིན་གྱི་དགོང་མོ་ནས་ཚེས6ཉིན་གྱི་ཐོ་རེངས་བར། ཨུ་རུ་སུའི་མཁའ་ཟོན་མ་ལག་གིས་ཨུ་རུ་སུའི་ས་ཁུལ་མང་པོ་རུ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ376བཀག་འགོག་དང་ཡང་ན་གཏོར་བཤིག་བཏང་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།