
ཨུ་རུ་སུའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཚེས6ཉིན་སྐབས29པའི་ཧྲིན་པིས་ཏི་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་སྐབས་སུ་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས། དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་ལེགས་འགྲུབ་འབྱུང་བ་དང་། རང་སྟེང་གི་ཁེ་ཕན་མངོན་འགྱུར་འབྱུང་བ་ནི་ཨུ་རུ་སུ་ལ་མཚོན་ན་ཧ་ཅང་གལ་ཆེ་ཟེར།
ཕེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སུ་ཡིས་ཨ་རིས“རྙོག་འཛིང་གི་གནད་དོན་རྩ་བ་ནས་ཐག་གཅོད་”བྱེད་པའི་ནུས་པར་སྟོང་བསམ་ཅི་ཡང་བཅངས་མྱོང་མེད་ཟེར། ཁོས་བཤད་རྒྱུར། ཨ་རིས་རང་སྟེང་གི་རྒྱལ་ཁབ་ཁེ་ཕན་འཚོལ་སྙེག་བྱེད་ཀྱིན་འདུག ཨུ་རུ་སུ་ཕྱོགས་ཀྱིས་དེ་ལ་བརྩི་འཇོག་བྱས་ཡོད་ཀྱང་། ཨུ་རུ་སུ་ལའང་རང་ཉིད་ཀྱི་ཁེ་ཕན་ཡོད་ཟེར།
ཕེ་སི་ཁི་ཧྥུའུ་ཡིས་ད་རུང་དེང་སྐབས་ཀྱི་ཨུ་རུ་སུ་དང་ཨ་རིའི་འབྲེལ་བའི་ཐད་ནས་བཤད་རྒྱུར། ཨ་རིས་བལྟས་ན་ངེས་པར་དུ་སྔོན་ལ་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་དགོས་ཤིང་། དེའི་རྗེས་ནས་ད་གཟོད་ཨུ་རུ་སུའི་དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་སུ་མཉམ་ལས་སྤེལ་བར་བསམས་ཀྱང་། ཨུ་རུ་སུ་ཕྱོགས་ཀྱིས་ལྟ་ཚུལ་དེ་ཁས་ལེན་མི་འདོད། “ཨ་རིས་དོན་དངོས་ཐོག་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་སླར་གསོ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་ཡིན་ན། ང་ཚོས་དེར་བསྟུན་གྱི་ལན་འདེབས་ངེས་ཡིན་ཟེར།”
ཧྲིན་པིས་ཏི་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ནི1997ལོ་ནས་སྤེལ་འགོ་བརྩམས་ཤིང་། ཨུ་རུ་སུའི་ཆེས་གལ་ཆེ་བའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཆེ་གྲས་ཤིག་ཏུ་གྱུར་ཡོད། སྐབས29པའི་ཧྲིན་པིས་ཏི་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ནི་ཚེས3ཉིན་ནས་ཚེས6ཉིན་བར་སྤེལ་བ་རེད། གླེང་སྟེགས་དེར་མ་ཞུགས་པར་ལོ་བཅུ་ཙམ་འགོར་བའི་རྗེས་སུ། ཨུ་རིས་ཐོག་དང་པོར་ཨ་རིའི་མཛེས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལོ་ཏི་ཉི.ཁུའུ་ཁི་ཡིས་སྣེ་ཁྲིད་པའི་གཞུང་ཕྱོགས་ཀྱི་འཐུས་ཚབ་ཚོགས་པ་མངགས་ནས་ཐེངས་འདིའི་གླེང་སྟེགས་ལ་ཞུགས་པ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།