དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་དམག་གིས་ལེ་པ་ནོན་སྲིད་གཞུང་དམག་གི་རླངས་འཁོར་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཟེར།
ཁུངས། ཀློག་གྲངས།

​དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས6ཉིན་གསལ་བསྒྲགས་སྤེལ་ནས་ར་སྤྲོད་བྱས་དོན།   དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པ་ནོན་ལྷོ་ཕྱོགས་སུ་ལེ་པ་ནོན་སྲིད་གཞུང་དམག་དཔུང་གི་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་པ་དང་།  དབྱི་སི་རལ་ཕྱོགས་ཀྱིས་དོན་དེར་བརྟག་དཔྱད་བྱེད་བཞིན་ཡོད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར།   དབྱི་སི་རལ་གྱི་དམག་དཔུང་གིས་ཚེས6ཉིན་ལེ་པ་ནོན་ལྷོ་ཕྱོགས་ཀྱི་ཐེ་པུའུ་ཉི་ཐི་ས་ཁུལ་དུ་དོགས་ཡོད་རླངས་འཁོར་ཞིག་དབྱི་སི་རལ་གྱི་དམག་དཔུང་གི་ཕྱོགས་སུ་ཡོང་བཞིན་པ་མཐོང་བ་དང་།  རླངས་འཁོར་དེ་ཡོང་སའི་ས་ཁོངས་ནི་འཐབ་ཁུལ་གཙོ་བོ་ཞིག་ཡིན།  དབྱི་སི་རལ་གྱི་དམག་དཔུང་ལ་དེ་སྔོན་ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་ས་ཁོངས་དེ་རུ་དབྱི་སི་རལ་གྱི་དམག་དཔུང་ལ་མེ་མདའ་འཕངས་སྲིད་པའི་གསང་འཕྲིན་ཞིག་འབྱོར།  གོང་གསལ་གསང་འཕྲིན་དང་རླངས་འཁོར་དེས་དབྱི་སི་རལ་གྱི་དམག་མིར་འཇིགས་སྐུལ་ཐེབས་པར་གཞིགས་ནས་དབྱི་སི་རལ་གྱི་དམག་དཔུང་གིས་རླངས་འཁོར་དེར་རྡུང་རྡེག་བཏང་བ་རེད།

གསལ་བསྒྲགས་ནང་བཤད་རྒྱུར།  ཐོག་མའི་བརྟག་དཔྱད་ལས་མངོན་པ་ལྟར་ན།   རླངས་འཁོར་ནང་དུ་ལེ་པ་ནོན་སྲིད་གཞུང་དམག་གི་དམག་དཔོན་གཉིས་དང་དམག་མི་གཅིག་ཡོད་པ་དང་།   འབྲེལ་ཡོད་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ཟེར།  གསལ་བསྒྲགས་ལས་ད་རུང་བཤད་རྒྱུར།   དབྱི་སི་རལ་དམག་དཔུང་གི་འགུལ་སྐྱོད་དམིགས་འབེན་ནི་ལེ་པ་ནོན་ཀྲིན་ཀྲུའུ་ཏང་ཡིན་པ་ལས།   ལེ་པ་ནོན་སྲིད་གཞུང་དམག་དཔུང་མིན་ཟེར།

ལེ་པ་ནོན་གྱི་སྲིད་འཛིན་ཨོ་ཨུན་གྱིས་ཚེས6ཉིན་གསལ་བསྒྲགས་སྤེལ་ནས།   དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པ་ནོན་ལྷོ་ཕྱོགས་སུ་ལེ་པ་ནོན་སྲིད་གཞུང་དམག་དཔུང་གི་སྐོར་ཞིབ་རུ་ཁག་ཅིག་ལ་འཇབ་རྒོལ་བྱས་ཏེ། དམག་དཔོན་གཉིས་དང་དམག་མི་གཅིག་རྐྱེན་ལམ་དུ་ཤོར་བར་སྐྱོན་འཛུགས་བྱས།  ཨོ་ཨུན་གྱིས་བསྟན་དོན།   ཐེངས་འདིའི་འཇབ་རྒོལ་བྱ་སྤྱོད་དེས་ལེ་པ་ནོན་གྱི་བདག་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་།  རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཚད་གཞིར་འགལ་ཡོད་པ་མ་ཟད།  དབྱི་སི་རལ་གྱིས་གནས་བབ་ཇེ་སྡུག་ཏུ་གཏོང་བའི་བྱ་སྤྱོད་ཀྱི་ཁག་ཅིག་ཡིན་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།