
ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས6ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་གྲོང་ནུབ་རྒྱུད་ཀྱི་ཡུལ་གྱར་བ་འདུག་སའི་གནས་སྐབས་སྡོད་གནས་ཤིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། བུད་མེད་གཉིས་ཚུད་པའི་མི6བསད་པ་དང་མི15རྨས་ཡོད་ནའང་། དབྱི་སི་རལ་དམག་དཔུང་གིས་དོན་དེའི་ཐད་ལན་ཅི་ཡང་བཏབ་མེད།
ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས6ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོའི་ཟླ10པར་ཅཱ་ཧྲར་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་དུས་རིམ་དང་པོའི་གྲོས་ཡིག་གི་ནུས་པ་ཐོན་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་ནས་མི951བསད་པ་དང་མི2984རྨས།
ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་གཞན་ལྟར་ན། དབྱི་སི་རལ་དུ་གཞིས་ཆགས་མཁན་མང་པོ་ཞིག་གིས་ཉིན་དེར་ཅོར་ཏན་གཙང་པོའི་ནུབ་ངོགས་བྱང་རྒྱུད་ཀྱི་ཧུའུ་ཝ་ལཱ་གྲོང་རྡལ་དུ་གཏུམ་སྤྱོད་འཇབ་རྒོལ་སྤེལ་ཏེ། ཕ་ལེ་སི་ཐན་གྱི་མི9རྨས།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་དེའི་ཐད་གསལ་བསྒྲགས་སྤེལ་ཏེ། ཉིན་དེར་ཧུའུ་ཝ་ལཱ་ས་ཁུལ་གྱི་དབྱི་སི་རལ་གྱི་མི་དམངས་ཀྱི་སྒོ་ཕྱུགས་རྐུ་ལ་ཤོར་བའི་སྙན་ཞུ་འབྱོར་རྗེས། དབྱི་སི་རལ་གྱི་དམག་མི་དང་མཐའ་མཚམས་ཉེན་རྟོག་པ་ཐག་གཅོད་བྱེད་པར་བསྐྱོད་དེ། དབྱི་སི་རལ་ཕྱོགས་ཀྱི་མི་སྣ་དང་སྒོ་ཕྱུགས་འགལ་བ་བྱུང་ས་ནས་འགྲོ་རུ་བཅུག་ནའང་། འོན་ཀྱང་དེའི་རྗེས“དབྱི་སི་རལ་གྱི་མི་དམངས་དང་ཕ་ལེ་སི་ཐན་གྱི་མིའི”དབར་གཏུམ་སྤྱོད་འཁྲུག་རྩོད་བྱུང་བ་དང་། དབྱི་སི་རལ་དམག་མིས་གཏུམ་སྤྱོད་སྔོན་འགོག་གི་བྱེད་ཐབས་སྤྱད་དེ་མི་ཚོགས་རང་རང་སར་འགྲོ་རུ་བཅུག་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།