
མི་འགྱངས་པར་ཐོན་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་ཐེངས་གཉིས་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། དཔལ་ཡོན་མང་བོ་དང་མི་རིགས་མང་བོའི་མཉམ་སྤྲོའི་ཚོགས་འདུ་ཞིག་ཚེས7ཉིན་ཨོ་སི་ཁྲུ་ལི་ཡཱའི་ཞི་ནེ་རུ་སྤེལ། ཐེངས་འདིའི་བྱ་འགུལ་ནི་ཞི་ནེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་ཕྱིའི་ལྟད་མོ་བ600ལྷག་གི་བློ་ཁ་བཀུག་ཡོད།
མཉམ་སྤྲོའི་ཚོགས་འདུ་དེ་ཨོ་སི་ཁྲུ་ལི་ཡཱའི་གཞིས་སྡོད་མིའི་འཁྲབ་སྟོན་ཁྲོད་ནས་མགོ་བརྩམས་པ་དང་། ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ། དེའི་རྗེས་ཀྱི་འཁྲབ་སྟོན་ལས་ཀྲུང་གོའི་མི་རིགས་མང་བོ་དང་ཧིན་རྡུ་ཉི་ཞི་ཡཱ། ཨུ་རུ་སི། ཕཱ་ཁི་སི་ཐན། ཐེ་གོ། རོ་མཱ་ནི་ཡཱ་སོགས་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་ཞབས་བྲོ་མངོན་པར་བྱས་ཡོད། བྱ་འགུལ་སྤེལ་སའི་ཡུལ་དངོས་སུ་ད་རུང་རིག་གནས་འགྲེམ་སྟེགས་མང་བོ་བཙུགས་ཡོད་པས་ལྟད་མོ་བའི་བློ་ཁ་བཀུག་ཡོད།
ཞི་ནེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཡུས་ཀྱིས་ཡུལ་དངོས་སུ་ཞུ་ཚིག་འབུལ་སྐབས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་ཡིས་དུས་ཡུན་རིང་བོར་སྣ་མང་རིག་གནས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། དེ་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འདོན་དང་ཚད་མཐོའི་གཅིག་གྱུར་བྱུང་ཡོད། དེ་རིང་གི་དགའ་སྤྲོའི་ལྷན་འཛོམས་ནི་དོན་དངོས་འགུལ་སྐྱོད་ལས་དཔལ་ཡོན་གྲོས་མོལ་ལ་སྟེགས་བུ་བསྐྲུན་ཡོད་པ་དང་། འཛམ་གླིང་དཔལ་ཡོན་ལ་ཁ་དོག་ཁ་སྣོན་བྱས་ཡོད་ཟེར།
2024ལོའི་ཟླ6པར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཀྲུང་གོས་བཏོན་པའི་གྲོས་ཆོད་ལ་གཅིག་གྱུར་འཐད་པ་བྱུང་བ་དང་། ལོ་རེའི་ཟླ6པའི་ཚེས10ཉིན་དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།