ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སླར་གསོ་བྱས་པ་དང་ཧཱ་མཱ་སི་ཡིས་དོ་དམ་དབང་ཆ་སྤྲོད་པ་དེ་གྲོས་གཞི་གཙོ་བོར་གྱུར་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨེ་ཅིབ་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཚེས7ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་ཡིའི་འགོ་ཁྲིད་རིམ་པའི་འཐུས་ཚབ་ཚོགས་པས་ཨེ་ཅིབ་དང་ཁཱ་ཐར། ཐུར་ཁེ་སོགས་བར་འདུམ་ཕྱོགས་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སླར་གསོ་བྱས།

མིང་བཤད་མི་འདོད་པའི་མི་སྣ་དེས་བཤད་རྒྱུར། ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་ཧཱ་ཡཱ་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་ཚེས5ཉིན་ཁེ་རོ་རུ་འབྱོར་བ་དང་། ཚེས6ཉིན་དང་ཚེས7ཉིན་བར་བར་འདུམ་ཕྱོགས་དང་མཉམ་དུ་གྲོས་མོལ་རབ་དང་རིམ་པ་སྤེལ། ཕྱོགས་ཡོངས་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་དམིགས་པའི་དུས་རིམ་དང་པོའི་གྲོས་མཐུན་ལ་སྐུལ་འདེད་གཏོང་བ་དང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་རྒྱུ་མ་ཟད། འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་གཉིས་པའི་གྲོས་མོལ་གྱི་རྐྱེན་སྲོལ་འོས་འཚམ་འཛུགས་པའི་ཆེད་དུ་རེད། ཐེངས་འདིའི་གྲོས་མོལ་གྱི་མཇུག་འབྲས་ནི་ཨེ་ཅིབ་སོགས་བར་འདུམ་ཕྱོགས་བརྒྱུད་དེ་ཨ་མེ་རི་ཁ་དང་དབྱི་སི་རལ་ལ་བརྒྱུད་སྤྲོད་བྱེད་རྒྱུ་རེད།

འབྲེལ་ཡོད་མི་སྣས་ད་རུང་བཤད་རྒྱུར། ད་ལྟའི་དུས་རིམ་དུ་ཅཱ་ཧྲ་ས་ཁུལ་གྱི་དོ་དམ་གནད་དོན་དང་། ཧཱ་མཱ་སི་ཡིས་ཅཱ་ཧྲའི་དོ་དམ་དབང་ཆ་དེ་ཕཱ་ལེ་སི་ཐན་ལག་རྩལ་དཔོན་པོའི་ཨུ་ཡོན་ལྷན་ཁང་ལ་སྤྲོད་པའི་ལངས་ཕྱོགས་དེ་ཐེངས་འདིའི་གྲོས་མོལ་གྱི་གཙོ་གནད་དུ་གྱུར་ཡོད། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། རྩ་འཛུགས་དེས་མཚོན་ཆ་མེད་པར་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་དབྱི་སི་རལ་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པ་མགོ་རྩོམ་པ་དེ་ཡིན། དབྱི་སི་རལ་གྱིས་སྔར་བཞིན་བཙན་བཟུང་བྱས་པའི་གནས་ཚུལ་འོག་མཚོན་ཆ་མེད་པར་གཏོང་བ་དེ་གླེང་ཐབས་མེད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།