ཐི་ལིང་ཕུའུ་ཡིས་དབྱི་ལིང་གིས་གྲུབ་འབྲས་བཟང་བོ་དང་ལེན་བྱེད་དགོས་པ་དང་དབྱི་སི་རལ་གྱིས་འཁོན་ལན་སློག་མི་རུང་བའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་གིས་ཚེས7ཉིན་ལེ་པཱ་ནུན་གྱི་གནས་བབ་ཐད་ནས་དབྱི་སི་རལ་ལ་འཕུར་མདའི་ཆམ་ཕབ་བཏང་རྗེས། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དབྱི་ལིང་གིས་འཁྲུག་རྩོད་མཚམས་བཞག་ནས་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མྱུར་བ་མྱུར་དུ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ་དབྱི་སི་རལ་ཕྱོགས་ཀྱིས་འཁོན་ལན་སློག་མི་རུང་བའི་སྐུལ་མ་གཏོང་རྒྱུའི་ཚུལ་བསྟན།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཧྥུའུ་ཁི་སི་གསར་འགྱུར་འཕྲིན་ལམ་གྱི་གསར་འགོད་པར་བཤད་རྒྱུར། ངས་དབྱི་ལིང་ལ་བཏོན་པའི་གྲོས་གཞི་ནི་འདི་ལྟར་ཡིན། ཁྱོད་ཚོས་འཕུར་མདའ་གཏོང་འཕེན་བྱས་ཡོད་པས་ད་ཆོག་ནི་བྱས། གྲོས་མོལ་སླར་གསོ་བྱས་ཏེ་གྲོས་མཐུན་འགོད་རྒྱུ་བྱོས་ཞེས་བཤད་པ་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་ཉིན་དེར་དབྱི་སི་རལ་དུ་འཕུར་མདའ་གཏོང་འཕེན་མ་བྱས་གོང་། ཨ་མེ་རི་ཁ་དང་དབྱི་ལིང་གིས་གྲོས་མཐུན་འགོད་ལ་ཉེ། ཁོས་མ་གཞི་ཚོད་དཔག་བྱས་ན་ཚེས8ཉིན་ནས་ཚེས10ཉིན་བར་སྔ་གཞུག་ཏུ་གྲོས་མཐུན་འགོད་ཐུབ་པར་བསམ་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེའི་སྔ་དྲོར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་དང་། སྔ་མོ་ནས་ཨ་མེ་རི་ཁའི་བར་མཐུན་སྦྱོར་བྱས་མེད་པས་ཁོའི་སེམས་ཁམས་སྐྱིད་པོ་མིན་ལ། གནས་བབ་གསར་བར་གཞིགས་ན་གྲོས་མོལ་ལ་རོགས་རམ་གྱི་ནུས་པ་ཅི་ཡང་མེད་པ་ཁོ་ཐག་རེད་ཟེར།

ཐི་ལིང་ཕུའུ་ཡིས་དེའི་རྗེས་སུ་ཨ་མེ་རི་ཁའི་ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོས་མྱུར་མོར་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། ཁོས་དབྱི་ལིང་ལ་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་མི་རུང་བའི་སྐུལ་མ་གཏོང་རྒྱུ་ཡིན་ཟེར། དྲ་ཚིགས་དེས་རྗེས་སུ་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་དང་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་ཟེར།

ཐི་ལིང་ཕུའུ་ཡིས་ཨ་ཁི་སི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱི་གསར་འགོད་པར་བཤད་རྒྱུར། དབྱི་ལིང་གིས་ཆམ་ཕབ་བཏང་བ་ལས་མི་གང་རུང་ལ་ཤི་རྨས་བཟོས་མེད་པས། དབྱི་སི་རལ་གྱིས་འཁོན་ལན་སློག་མི་རུང་བའི་རེ་བ་བཏོན། གལ་ཏེ་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་ལིང་ལ་རྒོལ་ལན་སྤྲད་ན། གནས་ཚུལ་དེ་འདས་པའི་ལོ་ངོ47ནམ་འདས་པའི་ལོ་ངོ300དང་འདྲ་བར་ཇེ་སྡུག་ཏུ་འགྲོ་སྲིད་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆེས་མཇུག་མཐའི་གྲོས་མཐུན་འགོད་ལ་ཉེ་བས། ཁོས་ད་ལྟ་བྱུང་བའི་གནས་ཚུལ་ལས་གྲོས་མཐུན་དེ་འབྲས་མེད་དུ་གཏོང་མི་འདོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།