དབྱི་ལིང་གིས་དབྱི་སི་རལ་ལ་ཆམ་ཕབ་བཏང་རྗེས་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཏི་ཧྥོ་ལིན་གྱིས་ཚེས7ཉིན་གྱི་ནམ་གུང་བཤད་རྒྱུར། དབྱི་ལིང་གིས་ཉིན་དེའི་དགོང་མོར་དབྱི་སི་རལ་ལ་འཕུར་མདའ་གཏོང་འཕེན་བྱས་པ་ནི་ནོར་འཆུག་ཚབས་ཆེན་ཞིག་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ལེ་པཱ་ནུན་དུ་འགུལ་སྐྱོད་སྤེལ་ཏེ། ཀྲིན་ཀྲུའུ་ཏང་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།

ཏི་ཧྥོ་ལིན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་གི་སྟེང་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་ཕྱོགས་ཀྱིས་སྟོབས་ཤུགས་གསར་བ་ཞིག་བཟོས་ནས་དོ་མཉམ་ཡོང་དུ་འཇུག་མི་སྲིད། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ལེ་པཱ་ནུན་གྱི་མངའ་ཁོངས་ཧྲིལ་བོར་འགུལ་སྐྱོད་སྤེལ་རྒྱུ་མ་ཟད། ཀྲིན་ཀྲུའུ་ཏང་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཏི་ཧྥོ་ལིན་གྱི་བཤད་རྒྱུར། དབྱི་སི་རལ་གྱིས་འཕུར་མདའི་འཇབ་རྒོལ་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་བྱས་ཡོད་པར་མ་ཟད་རྒོལ་ལན་སྤྲོད་པའི་གྲ་སྒྲིག་ཀྱང་བྱས་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཀྲ་མུས་ཨར་གྱིས་གནས་བབ་ལ་དཔྱད་འཇོག་བྱེད་བཞིན་ཡོད་ལ། སྔར་ལས་ལྷག་པའི་འགུལ་སྐྱོད་སྤེལ་བར་ཆོག་མཆན་འགོད་རྒྱུ་རེད།

དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པ་དང་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲོད་ཆེད། དབྱི་ལིང་གིས་ཉིན་དེའི་དགོང་མོར་དབྱི་སི་རལ་ལ་ཆམ་ཕབ་བཏང་བ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།