ཝུའུ་ཁི་ལན་གྱིས་ཆེ་ཨར་ནོའུ་པེ་ལེ་ཧྥན་ཉིང་རྡུལ་འབར་རྫས་གསོག་འཇོག་སྒྲིག་ཆས་ལ་འཇབ་རྒོལ་ཐེབས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཝུའུ་ཁི་ལན་རྒྱལ་ཁབ་ཉིང་རྡུལ་ནུས་པའི་གློག་འདོན་ཀུང་ཟི་ཡིས་ཚེས7ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཆེ་ཨར་ནོའུ་པེ་ལེ་ཧྥན་ཉིང་རྡུལ་འབར་རྫས་སྒྲིག་ཆས་ལ་ཉིན་དེའི་ཞོགས་པར་ཨུ་རུ་སིའི་དམག་དཔུང་གི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ་མེ་སྐྱོན་བྱུང་ཡོད་ལ། འཇབ་རྒོལ་དེ་ལས་མི་སྣར་ཤི་རྨས་དང་འགྱེད་འཕྲོའི་གནས་ཚུལ་གཞན་པ་བྱུང་མེད་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་ཁབ་ཉིང་རྡུལ་ནུས་པའི་གློག་འདོན་ཀུང་ཟི་ཡིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ནི་ཚེས7ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་སྟེང་བྱུང་བ་དང་། མིག་སྔར་མེ་སྐྱོན་བསད་ཡོད། འཇབ་རྒོལ་བྱུང་སྐབས་གཏོར་བརླག་ཐེབས་པའི་སྒྲིག་ཆས་དེའི་ནང་ཉིང་རྡུལ་ནུས་པའི་འབར་རྫས་གསོག་འཇོག་བྱས་མེད་ལ། ཀུང་ཟི་དེས་བསྟུད་མར་འབྲེལ་ཡོད་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་འབྲེལ་ཡོད་སྡེ་ཁག་བར་ཕྱོགས་ཡོངས་ནས་རོགས་ལས་བྱེད་པ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།

2004ལོར། ཝུའུ་ཁི་ལན་རྒྱལ་ཁབ་ཉིང་རྡུལ་ནུས་པའི་གློག་འདོན་ཀུང་ཟི་དང་ཨ་མེ་རི་ཁའི་ཧའོ་ཨར་ཐེ་ཁི་རྒྱལ་སྤྱིའི་ཀུང་ཟི་ཡིས་ཆེ་ཨར་ནོའུ་པེ་ལེ་ཧྥན་ཉིང་རྡུལ་འབར་རྫས་གསོག་འཇོག་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་གན་རྒྱ་བཀོད་པ་དང་། ཧི་མཱེ་ལེ་ནེ་ཚི་ཅི་དང་ལོ་ཧྥུའུ་ནོའུ། ཝུའུ་ཁི་ལན་ལྷོ་མ་བཅས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་གསུམ་གྱི་ཉིང་རྡུལ་འབར་རྫས་གསོག་འཇོག་བྱེད་པའི་ཐད་བཀོལ་བ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།