
ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས8ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ཨ་མན་མཚོ་ཁུགས་ནས་དབྱི་ལིང་གི་གྲུ་ཁར་བགྲོད་རྩིས་ཡོད་པའི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་ཏེ། གྲུ་གཟིངས་དེའི་འགྲུལ་བཞུད་ནུས་པ་ཉམས་པར་བྱས་ཡོད་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ལའོ་རྒྱལ་དར་བཀལ་བའི་གྲུ་གཟིངས་དེ་ཨ་མེ་རི་ཁའི་བཀག་སྡོམ་བཀའ་རྒྱ་དང་འགལ་ཡོད་པ་དང་། སྐབས་ཐོག་དེར་ཨ་མན་མཚོ་ཁུགས་ཀྱི་རྒྱལ་སྤྱིའི་མཚོ་ཁོངས་ནས་དབྱི་ལིང་ཕྱོགས་སུ་བགྲོད་བཞིན་ཡོད་ལ། ཨ་མེ་རི་ཁའི་དམག་དཔུང་གི་བཀའ་རྒྱ་དང་ལེན་མ་བྱས་པ་རེད་ཟེར། ལིན་ཁུན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ལས་ཡོང་བའི་འཐབ་འཛིང་གནམ་གྲུ་ཞིག་གིས་སྣུམ་འདྲུད་གྲུ་གཟིངས་དེར་འཕུར་མདའ་གཏོང་འཕེན་བྱས་ནས་དེའི་འགྲུལ་བཞུད་ནུས་པ་ཉམས་པར་བྱས་པ་རེད་ཟེར།
ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་བཤད་རྒྱུར། ཟླ4བའི་ཚེས13ཉིན་ནས་བཟུང་དབྱི་ལིང་གི་གྲུ་ཁར་མཚོ་ཐོག་འགྲིམ་འགྲུལ་བཀག་སྡོམ་བྱས་པའི་ཚུན་ལ། ཨ་མེ་རི་ཁའི་དམག་དཔུང་གིས་ཚོང་དོན་གྲུ་གཟིངས་བདུན་གྱི་འགྲུལ་བཞུད་ནུས་པ་ཉམས་པར་བྱས་པ་དང་། གྲུ་གཟིངས134ཡི་འགྲུལ་བཞུད་ཁ་ཕྱོགས་བཙན་གྱིས་བསྒྱུར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།