
ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་དང་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས8ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི17རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོ་ཡོད་ཟེར།
ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཡིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ནཱ་པེད་ཐིས་ཡེ་ས་ཁུལ་གྱི་ཅི་ཧྥུའུ་ཐཱ་གྲོང་རྡལ་ལ་བར་སྣང་འཇབ་རྒོལ་བྱས་ཏེ། མི7རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཐིས་ཨར་གྲོང་ཁྱེར་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་ལྟེ་གནས་ཉེ་འདབས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། མི5རྐྱེན་ལམ་དུ་ཤོར་བ་དང་། མི8ལ་རྨས་ཕོག དེའི་ནང་རྒྱ་གྲམ་དམར་པོ་ཚོགས་པའི་མྱུར་སྐྱོབ་མི་སྣ4འདུས་ཡོད་ཟེར།
ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཞི་ཏོན་ས་ཁུལ་གྱི་ཧཱ་ལེ་ཡེ་པུའུ་གྲོང་རྡལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། མི1རྐྱེན་ལམ་དུ་ཤོར། ཐིས་ཨར་ནས་རླངས་འཁོར་ཞིག་ལ་དམིགས་པའི་བར་སྣང་འཇབ་རྒོལ་ལས་མི4རྐྱེན་ལམ་དུ་ཤོར་ཟེར།
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། རང་གི་དྲག་ཆས་མི་སྣས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་པེན་ཐི་ཀྲུའུ་པེད་ལེ་ས་ཁུལ་གྱི་པེད་ཐི་ཡཱ་ཧོང་གྲོང་རྡལ་ཕྱོགས་ཀྱི་དབྱི་སི་རལ་གྱི་དམག་དཔུང་དང་རླངས་འཁོར་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་པར་མ་ཟད། མི་མེད་གནམ་གྲུ་ཞིག་བཏང་ནས་པའོ་ཧྥུའུ་ཐི་མཁར་རྫོང་ཉེ་འདབས་ཀྱི་དབྱི་སི་རལ་གྱི་དམག་དཔུང་གི་འཕྲིན་གཏོང་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།