
ཚོགས་ཡུན་ཉིན་གསུམ་ཡིན་པའི2026ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཞིང་ལས་ཚན་རྩལ་ཐོན་ལས་ཀྱི་མཉམ་ལས་གླེང་སྟེགས་དང་འགྲེམ་སྟོན་ཚོགས་འདུ་ཚེས9ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་སྤེལ་མགོ་བརྩམས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྲིད་གཞུང་སྡེ་ཁག་དང་། རྒྱལ་སྤྱིའི་རྩ་འཛུགས། ཚན་ཞིབ་ལས་ཁུངས། མཐོ་རིམ་སློབ་གྲྭ། ཚོང་ལས་མཐུན་ཚོགས། དེ་མིན་ཁེ་ལས་བཅས་ཀྱི་འཐུས་མི100ལྷག་གིས་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཞིང་ལས་དེང་རབས་ཅན་གྱི་མཉམ་ལས་ཀྱི་ཐབས་ལམ་གསར་བར་གྲོས་བསྡུར་བྱས།
ཁུན་ནེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གོ་ཧེ་ཡན་གྱིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག ཞིང་ལས་དེང་རབས་ཅན་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་གཉིས་ཕན་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོར་གྱུར་ཡོད། ཀྲུང་གོའི་རྒྱལ་ཁའི་ཉམས་མྱོང་ལས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མིག་དཔེ་བཟང་བོ་འདོན་སྤྲོད་བྱས་ཡོད་པ་དང་། ཀྲུང་གོའི་ཞིང་ལས་ལག་རྩལ་དང་སྒྲིག་ཆས། ཐོན་རྫས་བཅས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ཞིང་ལས་ཚུལ་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་ནུས་པ་ཐོན་ཐུབ་ལ། འབྲུ་རིགས་དང་འཚོ་བཅུད་ཀྱི་བདེ་འཇགས་མངོན་འགྱུར་བྱེད་ཐུབ་པར་མ་ཟད། ཀྲུང་གོའི་སྒོ་ཁྲལ་མེད་པའི་སྲིད་ཇུས་ལས་ཨ་ཧྥེ་རི་ཁ་གླིང་གི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཐད་གོ་སྐབས་བཟང་བོ་བསྐྲུན་ཡོད། ཨ་ཧྥེ་རི་ཁ་གླིང་གི་ཕུན་སུམ་ཚོགས་པའི་ཞིང་ལས་ཐོན་ཁུངས་དང་ན་གཞོན་མི་གྲངས་ཀྱི་ཁྱད་སྟོབས་དེ་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་དང་སྔོན་ཐོན་ལག་རྩལ། རྒྱ་ཆེ་བའི་ཚོང་ར་བཅས་དང་ཟུང་འབྲེལ་བྱས་ན། ཕྱོགས་གཉིས་ཀྱི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་ཐུབ་ཟེར།
འཛམ་གླིང་ཞིང་བའི་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཨན་ཏི་ལེ་ཡཱ་པའོ་ལོ་ཡིས་བཤད་རྒྱུར། ཞིང་ལས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གྲུབ་འབྲས་ཆེས་བཟང་ཞིང་ཆེས་འཐུས་ཚབ་རང་བཞིན་ལྡན་པའི་ཁྱབ་ཁོངས་ཤིག་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཞིང་ལས་ཀྱི་རྒྱུན་མཐུད་མཉམ་ལས་ལས་ཞིང་བ་གཙོར་འཛིན་པ་རྒྱུན་འཁྱོངས་དང་ཚན་རིག་རྨང་གཞིར་བྱེད་པ། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲིད་ཕྱོགས་སུ་བྱས་ཏེ། ཞིང་བ་དག་ཧུར་ཐག་སྒོས་ཟབ་ཞུགས་དང་མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བྱེད་པར་འགན་སྲུང་བྱེད་དགོས་ཟེར།
ཨ་ཧྥེ་རི་ཁ་གླིང་ལྷད་མེད་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་ཧཱ་མཱ་ཏིས་པའོ་ཅཱ་ཡིས་བསྟན་དོན། ཞིང་ལས་མཉམ་ལས་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་སྔར་ལས་བསྟུན་ནུས་ལྡན་པའི་འབྲུ་རིགས་མ་ལག་འཛུགས་པ་དང་། ལས་ཞུགས་གོ་སྐབས་བསྐྲུན་པ། ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ53བར་སྒོ་ཁྲལ་མེད་པར་བཏང་བའི་བྱེད་ཐབས་དེས་ཨ་ཧྥེ་རི་ཁ་གླིང་གི་ཞིང་ལས་ཐོན་རྫས་དག་ཀྲུང་གོའི་ཚོང་རར་ཞུགས་པར་གོ་སྐབས་སྔར་ལས་མང་བོ་བསྐྲུན་ཡོད་ཟེར།
སྐབས་འདིའི་གླེང་སྟེགས་ནི་པེ་ཅིང་ཅིང་ཝ་ཞིང་ལས་ཚན་རྩལ་གསར་གཏོད་ལྟེ་གནས་དང་ཀྲུང་གོའི་ཞིང་ལས་སློབ་ཆེན་གོ་ལ་ཧྲིལ་བོའི་ཟས་རིགས་དཔལ་འབྱོར་དང་སྲིད་ཇུས་ཞིབ་འཇུག་གླིང་། ཨ་ཧྥེ་རི་ཁ་གླིང་ལྷད་མེད་མནའ་འབྲེལ་དང་འཛམ་གླིང་ཞིང་ལས་ཚན་རྩལ་གསར་གཏོད་ཚོགས་ཆེན་སོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།